གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

བཀའ་རྒྱ་རྫུན་མ་ཅིག་སྤྲོད་དེ་ཡོད་པའི་ ཉེས་པ་ལས་བརྟེན་ཏེ་ ཁྲིམས་སྲུང་འགག་པ་ཅིག་ བཟུང་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༥ ༢༠༡༦

༉ འདས་པའི་ཟླཝ་ནང་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པའི་ནང་ལས་ ཉེས་ཅན་ཅིག་ བཙོན་ནང་ལས་ བཏང་དགོ་པའི་ བཀའ་རྒྱ་རྫུན་མ་ཅིག་སྤྲོད་དེ་ཡོད་པའི་ཉེས་པ་ལས་བརྟེན་ཏེ་ ཁྲིམས་སྲུང་འགག་པ་ཅིག་ བཟུང་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་འདི་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ ཉེས་པ་ལས་བརྟེན་ཏེ་ ལོ་དགུ་གི་བཙོན་ཁྲིམས་ཕོག་མི་ བཙོན་པ་འདི་བཏང་ནི་གི་ བཀའ་རྒྱ་རྫུན་མ་གུར་ ཞིབ་དཔྱད་འགོ་དཔོན་གྱི་ ས་ཡིག་འདི་ འདྲ་བཤུས་བརྐྱབ་ཡོད་པའི་ ཉེས་འཛུགས་ཕོག་ཡོདཔ་ཨིན་མས།

ད་རུང་ བཙོན་པ་འདི་ དོ་དམ་ནང་ལས་ མགྱོགས་འགྱོ་ནི་གི་ནང་ ཆ་རོགས་འབད་ཡོད་པའི་ ཉེས་འཛུགས་ཡང་ཕོག་ཡོདཔ་ཨིན་མས།

བཙོན་པ་འདི་ ཁྲིམས་སྲུང་འགག་པའི་དོ་དམ་ནང་ལས་ ཚར་ཅིག་མགྱོགས་ཐལ་ཡོདཔ་ཨིན་རུང་ ལོག་སྟེ་ར་ བཟུང་ཡོདཔ་ཨིན།

གནས་ཚུལ་འབྱུང་ཁུངས་དང་འཁྲིལཔ་ད་ ཉེས་འཛུགས་ཅན་ཁྲིམས་སྲུང་འགག་པ་འདི་གིས་ བཙོན་པ་འདི་གི་ ཨ་པ་འདི་ལས་ དངུལ་ཀྲམ་སྟོང་ཕྲག་༢༠ ནག་སུག་ལེན་ཡོད་པའི་ དོག་པ་ཡང་ཡོདཔ་ཨིན་མས།

དུས་ཅི་སྤྱི་ཟླ་དང་པའི་ སྤྱི་ཚེས་༢༤གི་ཚེས་ བཙོན་པ་འདི་གི་ ཨ་པ་འདི་གིས་ དོ་དམ་ནང་ལས་བཏང་ནི་གི་ བཀའ་རྒྱ་རྫུན་མ་འདི་བཏོན་ཞིནམ་ལས་ ཁོ་གི་བུ་འདི་ དོ་དམ་ནང་ལས་བཏོན་འབག་ཡོདཔ་ཨིན་མས།

ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ ཉེས་ཅན་འདི་ དོ་དམ་ནང་ལས་ བཏོན་ནི་གི་ནང་ ཆ་རོགས་འབད་མི་ལས་བརྟེན་ཏེ་ ཉེས་ཅན་འདི་གི་ཨ་པ་དང་ གླ་འཁོར་དེད་གཡོགཔ་ཅིག་ དེ་ཚེ་ཉི་མ་ར་ བཟུང་ཡོདཔ་ཨིན་མས།

གནད་དོན་འདི་གི་བསྐོར་ལས་ བརྩོད་གཞི་འདི་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ལུ་ ཡོདཔ་ཨིན་མས།