གཟའ་མིག་དམར། ༢༠༡༩ ཟླ་༥ པའི་སྤྱི་ཚེས་༢༠

ས་ཡོམས་རྐྱབ་མི་ལས་བརྟེན་ཏེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ལུ་ ཁྱིམ་༣་ མེདཔ་བཏང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༥ ༢༠༡༦

SJ༉ ཁ༌ཙ་དྲོ་ཆུ་ཚོད་༥་དེ་ཅིག་ཁར་ ས་ཡོམས་རྐྱབ་མི་ལས་བརྟེན་ཏེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ལུ་ ཁྱིམ་༣་ མེདཔ་བཏང་ཡོདཔ་ཨིན་མས།

གནོད་རྐྱེན་བྱུང་ཡོད་པའི་ ཁྱིམ་གསུམ་འདི་ཡང་ གོམས་དར་དང་ཝང་ཕུག་ དེ་ལས་ ཕུན་ཚོགས་ཐང་རྒེད་འོག་ཚུ་ནང་ལུ་ཨིན་མས།

ང་བཅས་རྒྱང་བསྒྲགས་ཀྱི་གནས་ཚུལ་བསྡུ་ལེན་འབད་མི་ ཀུན་ལེགས་དབང་ཕྱུག་གིས་སླབ་མི་ནང་ ཁྱིམ་གཉིས་ཀྱི་གྱང་འདི་རྩ་བ་ལས་རང་ ཧྲམ་འགྱོ་སྟེ་སྦེ་འདུག་ཟེར་ཨིནམ་ད་ གཞན་མི་གཅིགཔ་འདི་ དུམ་གྲ་རེ་གནོད་རྐྱེན་བྱུང་སྟེ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ རྐྱེན་ངན་འདི་ནང་ལུ་ མིའི་ཚེ་སྲོག་ལུ་གནོད་རྐྱེན་ག་ནི་ཡང་ མ་བྱུངམ་ཨིན་མས།

འདི་བཟུམ་སྦེ་ ས་ཡོམས་ལས་བརྟེན་ཏེ་ པདྨ་དགའ་ཚལ་རྫོང་ཁག་འོག་གི་ ལྕོང་ཤིང་དང་མཁར་ དེ་ལས་ གཡུ་རུང་དང་བཟོ་སྦལ་རྒེད་འོག་བཞི་གི་ནང་ལུ་ཡང་ ཁྱིམ་༡༧་དེ་ཅིག་གི་གྱང་ཚུ་གུ་ལུ་ འགག་འགྲམ་ཕོག་སྟེ་ཡོདཔ་སྦེ་ཨིན་མས།PG

ད་ལྟོ་ཚུན་ཚོད་ཀྱི་བར་ན་ ས་ཡོམས་ལས་བརྟེན་ཏེ་ གནོད་རྐྱེན་སྦོམ་སྦེ་བྱུང་ཡོད་པའི་ སྙན་ཞུ་ཚུ་ག་ནི་ཡང་མེད་རུང་ རྫོང་ཁག་གིས་ཁ་ཐུག་ལས་ ཞིབ་དཔྱད་འབད་བའི་བསྒང་ར་འདུག

ཤུགས་ཚད་ མེག་ནི་ཊུཌ་༦་དང་ཚར་༧་འབད་མི་ ས་ཡོམས་འདི་གི་བྱེམ་འདི་ རྒྱ་གར་གྱི་ཤར་ལྷོ་ས་མཚམས་བརྒྱུད་དེ་ མེ་ཡེན་མར་དང་བང་ལ་དེཤ་ དེ་ལས་ ཉེས་འདབས་ཀྱི་ལུང་ཕྱོགས་ཚུ་ནང་ལས་ཕར་ ཕོག་སྟེ་འདུག་ཟེར་ཨིན་མས།

ཡུ་ཨེས་གི་ས་ཁམས་མཁས་མཆོག་གིས་བཀོད་མི་ནང་ ས་ཡོམས་རྐྱབ་སའི་ལྟེ་བ་འདི་ རྒྱ་གར་གྱི་མངའ་སྡེ་ མ་ནི་པུར་ལུ་ཨིནམ་སྦེ་ བཀོད་དེ་འདུག

རྒྱ་གར་གྱི་གནས་ཚུལ་གསར་སྟོན་ཅིག་དང་འཁྲིལཔ་ད་ རྒྱ་གར་གྱི་མངའ་སྡེ་ མ་ནི་པུར་ལུ་ ས་ཡོམས་ལས་བརྟེན་ མི་༦་ལུ་ཤི་རྐྱེན་དང་ ༣༠་ལྷགཔ་ཅིག་ལུ་ རྨ་རྐྱེན་འབྱུང་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ བང་ལ་དེཤ་ལུ་ཡང་ མི་༣་ལུ་ཤི་རྐྱེན་དང་ ༡༢་དེ་ཅིག་ལུ་ རྨ་རྐྱེན་བྱུང་ཡོདཔ་སྦེ་ཨིན་མས།