གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ཚལ་ལུ་ མ་འཚོཔ་ལས་ར་ བུད་འགྱོ་ནི་འགོ་བཙུགས་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༣༠ ༢༠༡༥

Orange-Tsirang༉ དུས་ཅི་ རྩི་རང་ལུ་ ཚལ་ལུ་གི་ཐོན་ཤུགས་འདི་ ལེགས་ཤོམ་ཅིག་མེདཔ་ལས་ ཚལ་ལུ་གི་ལཱ་འབད་མི་ མི་སེར་ཚུ་ སེམས་ཕམ་བྱུང་སྟེ་ཡོདཔ་ཨིན་མས།

འདི་ཡང་ མི་སེར་སོ་ནམ་པ་ཚུ་གིས་སླབ་མི་ནང་ ཚལ་ལུ་ མ་འཚོཔ་ལས་ར་ བུད་འགྱོ་ནི་འགོ་བཙུགས་ཅི་ཟེར་ཨིན་མས།

མཚོ་གླིང་མཁར་ལས་ སྐྱེས་ལོ་༦༡ལང་མི་ ཀར་ན་བྷ་དྷུར་པར་དཱན་གྱིས་ ན་ཧིང་འབད་བ་ཅིན་ ཚལ་ལུ་ལས་བརྟེན་ཏེ་ དངུལ་ཀྲམ་འབུམ་གཉིས་དང་སྟོང་ཕྲག་༥༠དེ་ཅིག་ ཐོབ་ཡོདཔ་ཨིན་རུང་ དུས་ཅི་ དངུལ་ཀྲམ་སྟོང་ཕྲག་༢༠དེ་ཅིག་རྐྱངམ་ཅིག་ ཐོབ་ནི་བཟུམ་ཅིག་ཡོདཔ་ཨིན་མས།

དེ་འབདཝ་ལས་བརྟེན་ཏེ་ ཁོ་གིས་སླབ་མི་ནང་ ཁོ་གི་ནང་ལས་ ཚལ་ལུ་ཉོ་མི་འདི་ལས་ དངུལ་སྔ་ཡར་ལེན་ཡོད་མི་འདི་ ལོག་སྤྲོད་མི་ཚུགས་ནི་མས་ཟེར་བའི་ ཚ་འགྱང་ལང་སྟེ་ཡོད་ཟེར་ཨིན་མས།

ཀར་ན་བཟུམ་སྦེ་ར་ མཚོ་གླིང་མཁར་ལུ་ ཚལ་ལུ་གི་ཐོན་ཤུགས་ལུ་བལྟ་སྟེ་ སེམས་ཕམ་བྱུང་ཡོད་མི་ གཞན་ཡང་ལེ་ཤ་ཅིག་ར་ཡོདཔ་དང་ ཁོང་ ལ་ལུ་ཅིག་གིས་སླབ་མི་ནང་ ཁོང་ལས་ ཚལ་ལུ་ཉོ་མི་ཡང་ ག་ཡང་མི་འོང་ནི་མས་ཟེར་བའི་ ཚ་འགྱང་ལང་སྟེ་ཡོད་ཟེར་ཨིན་མས།

རྫོང་ཁག་སོ་ནམ་འགོ་དཔོན་གྱིས་སླབ་མི་ནང་ ཚལ་ལུ་གི་ཐོན་ཤུགས་ལེགས་ཤོམ་མེད་མི་ གནད་དོན་ཅིག་འདི་ ཚལ་ལུ་ལྡུམ་ར་ ལེགས་ཤོམ་སྦེ་ འཛིན་སྐྱོང་མ་འཐབ་མི་ལས་བརྟེན་ཏེ་ཨིན་མས་ཟེར་བཤད་ཅི།

ཁོ་གིས་སླབ་མི་ནང་ ད་རུང་ གནད་དོན་ཅིག་འདི་ ན་ཧིང་ ཐོན་ཤུགས་ གནམ་མེད་ས་མེད་ ལེགས་ཤོམ་འོང་མི་ལས་བརྟེན་ཏེ་ ཨིནམ་བཟུམ་ཅིག་འདུག་ཟེར་ཨིན་མས།
ཚལ་ལུ་གི་ཐོན་ཤུགས་ལེགས་ཤོམ་མེད་མི་འདི་ གནད་དོན་ག་ཅི་ལས་བརྟེན་ཏེ་ཨིན་ན་ གསལ་ཏོག་ཏོ་ཅིག་སྦེ་ མ་ཤེས་ཏོ་འབད་རུང་ མི་སེར་ཚུ་གིས་ ཤུལ་མའི་དོན་ལས་ ཚལ་ལུ་ལྡུམ་ར་ ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་ནི་འདི་ སེམས་ཁར་བཞག་སྟེ་ སང་ཕོད་ ཐོན་ཤུགས་ལེགས་ཤོམ་འོང་པའི་ རེ་བ་སྐྱེད་དོ་ཡོདཔ་ཨིན་མས།