གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

འབྲུག་མཁའ་འགྲུལ་གྱིས་ གཟའ་སྤེནམ་གི་ཚེས་ ནདཔ་ཅིག་ཨིན་མི་འགྲུལ་པ་གཅིག་ གནམ་གྲུ་ནང་ལས་བཏོན་བཞག་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༥

Drukair༉ ཁ་ཉིནམ་ འབྲུག་མཁའ་འགྲུལ་གྱི་གནམ་གྲུ་གཅིག་ནང་ལུ་ འགྲུལ་བར་༤་གིས་ གནམ་གྲུ་ནང་ཡོད་མི་ ནདཔ་གཅིག་གུ་ལས་ དྲིམ་བསྣམ་མས་ཟེར་ ཉོགས་བཤད་བཀོད་པའི་ཤུལ་ལུ་ གནམ་གྲུའི་དེད་དཔོན་འདི་གིས་ འགྲུལ་བར་ནདཔ་གཅིག་ བཏོན་བཞག་སྟེ་ཡོདཔ་ཨིན་མས།

ནདཔ་དེ་ཡང་ ཡམ་ནད་འཐོབ་སྟེ་ ལྷ་པ་གུ་རྨ་འཐོན་ཏེ་ཡོདཔ་ལས་ སྨན་བཅོས་ཀྱི་དོན་ལས་ བེང་ཀོག་ལུ་འགྱོ་མི་གཅིག་ཨིན་མས།

ཨིན་རུང་ ནདཔ་འདི་ ད་རིས་ བཀྲིས་མཁའ་འགྲུལ་ནང་སྦེ་ བེང་ཀེག་ལུ་སོང་ཡོདཔ་ཨིན་མས།

ནདཔ་འདི་གི་བུམོ་གིས་སླབ་མི་ནང་ གནམ་གྲུའི་དེད་དཔོན་འདི་གིས་ འབྲུག་མཁའ་འགྲུལ་གྱི་ འཛིན་སྐྱོང་དང་ཅིག་ཁར་ ཁ་སླབ་པའི་ཤུལ་ལུ་ འགྲུལ་པ་གཞན་མི་ཚུ་གིས་ མ་བཏུབ་མེད་རུང་ མོ་གི་ཨ་པ་འདི་ བཏོན་བཞག་ནི་སྦེ་ ཐག་བཅད་ད་ནུག་ཟེར་བཤད་ཅི།

བུམོ་འདི་གིས་ མི་སྡེ་བརྡ་བརྒྱུད་ནང་ལུ་སྦེ་ འབྲུག་མཁའ་འགྲུལ་ལུ་ ཡི་གུ་ཅིག་བྲིས་ཏེ་ཡོད་མི་འདི་ དར་ཁྱབ་འགྱོ་སྟེ་ཡོདཔ་ཨིན།

འདི་ལུ་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་བཀོད་མི་ནང་ གནམ་གྲུ་ནང་ལས་འགྲུལ་བ་ནདཔ་བཏོན་བཞག་མི་འདི་ གཙོ་བོ་ར་ སྤྱིར་བཏང་འགྲུལ་པ་ག་ར་གི་ ཉེན་སྲུང་གི་དོན་ལས་ཨིནམ་སྦེ་བཀོད་དེ་ཡོདཔ་ཨིན།

འབྲུག་མཁའ་འགྲུལ་ལས་འཛིན་ནང་ལས་ གནས་ཚུལ་གསར་བཏོན་ཅིག་བཏང་མི་དང་འཁྲིལཔ་ད་ གནམ་གྲུ་དེད་དཔོན་འདི་གིས་ གནམ་གྲུ་ནང་ཡོད་མི་ནདཔ་འདི་ གནམ་གྲུ་ནང་ར་བཞག་ནི་སྦེ་སྡོད་ཡོདཔ་ཨིན་རུང་ འགྲུལ་པ་དག་པ་ཅིག་གིས་ འདི་ལུ་ མ་པ་ལས་ར་ མ་བཏུབ་སྦེ་སླབ་ནུག་ཟེར་ཨིན་མས།

འདི་བཟུམ་གྱི་ གནས་སྟངས་ནང་ལྷོདཔ་ད་ གནམ་གྲུ་ག་ཅི་བཟུམ་ར་འབད་རུང་ དུས་ཡུན་ཆུ་ཚོད་༤འཕུར་དགོ་པའི་ གནམ་གྲུ་གི་སྒོ་འདི་བསྡམ་ཞིནམ་ལས་ དྲིམ་འདི་ ཧེང་སྐལ་ར་དུག་དྲག་འགྱོ་ནི་ཨིན་པའི་ གནས་སྟངས་ཚུ་སེམས་ཁར་བཞག་སྟེ་ གནས་སྟངས་འདི་ བསྐྱར་ཞིབ་འབད་དགོཔ་ཐོན་ཐོནམ་འོང་ཟེར་ཨིན་མས།

དེ་ལས་ ལམ་བུག་ན་ལྷོདཔ་ད་ གནམ་གྲུ་དེད་དཔོན་གྱི་ཁ་ཐུག་ལས་ གློ་བུར་གྱི་ གནམ་གྲུ་ཆགས་དགོཔ་ཡང་ ཐོན་ཐོནམ་འོང་ཟེར་ཨིན་མས།

ད་རུང་ འབྲུག་མཁའ་འགྲུལ་གྱིས་བཀོད་མི་ནང་ འགྲུལ་པ་ག་བཟུམ་ཅིག་ཡོད་རུང་ ག་ར་ལུ་ ཉེ་རིང་མེད་པར་ གུས་ཞབས་ཡོད་ཟེར་ཨིན་མས།

གནས་ཚུལ་གསར་བཏོན་དང་འཁྲིལཔ་ད་ འབྲུག་མཁའ་འགྲུལ་གྱི་འཛིན་སྐྱོང་པ་གིས་ གཟའ་ཉིམ་གྱི་ཚེས་ རིན་གོང་ཕབ་ཏེ་སྦེ་ སྒེར་གྱི་གནམ་གྲུ་གླ་ཁར་བྱིན་ནི་སྦེ་སླབ་ཏེ་འབད་རུང་ ནདཔ་འདི་གི་བུམོ་འདི་གིས་མ་ཉན་པར་ ལོ་རྒྱུས་ཕྱེད་ཀ་ཅིག་སྦེ་ མི་སྡེ་བརྡ་བརྒྱུད་ནང་ལུ་བཙུགས་ནུག་ཟེར་ཨིན་མས།

གནས་ཚུལ་གསར་བཏོན་དང་འཁྲིལཔ་ད་ སྒེར་གྱི་དྲུང་འཚོ་གཅིག་གིས་ གསོ་བའི་ལག་ཁྱེར་བྱིན་ཏེ་ཡོད་མི་འདི་ གནམ་གྲུ་དེད་དཔོན་འདི་གིས་ དྲུང་འཚོ་འདི་དང་བློ་སླབ་པའི་ཤུལ་ལས་ ཆ་མེད་བཏང་ནུག་ཟེར་ཨིནམ་དང་ ནདཔ་འདི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ར་ གསོ་བའི་ལག་ཁྱེར་བཏོན་ཏེ་སྦེ་ཡོད་པ་ཅིན་ འདི་བཟུམ་གྱི་ གནས་སྟངས་ཚུ་མ་བྱུངམ་འོང་ཟེར་ཨིན་མས།

ད་རུང་ འབྲུག་མཁའ་འགྲུལ་གྱིས་བཀོད་མི་ནང་ ཁོང་གི་ཁ་ཐུག་ལས་ གནམ་གྲུ་ནང་ཡོད་པའི་ གཞན་མི་འགྲུལ་པ་ཚུ་ལས་ ཞལ་འདེབས་བསྡུ་སྟེ་ དྲོ་ལར་༡༧༠༠ལྷགཔ་ཅིག་ ནདཔ་འདི་གི་ ཨམ་སྲུ་གི་ལག་པ་སྤྲོད་ཡི་ཟེར་ཨིན་མས།