གཟའ་ཉི་མ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༡

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ནང་སྲིད་བློན་པོ་གསརཔ་དང་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ཚུ་གི་ ཁྲི་འཛིན་དང་ལྷན་འཛིན་གསརཔ་ཚུ་ བསྐོས་བཞག་གནང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣༡ ༢༠༡༥

HM Appoints Home Minister, Constitutional Post Holders༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ བཀྲ་ཤིས་ཆོས་རྫོང་ནང་ལུ་སྦེ་ ནང་སྲིད་དང་སྲོལ་འཛིན་བློན་པོ་གསརཔ་དང་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཚུ་གི་ ཁྲི་འཛིན་དང་ལྷན་འཛིན་གསརཔ་ཚུ་ལུ་ ལེགས་དར་གནང་ཡི།

ཆུ་ཁ་རྫོང་ཁག་ བོང་གོ་སྐྱབས་ཆ་གི་འཐུས་མི་ ཟླ་བ་རྒྱལ་མཚན་འདི་ ནང་སྲིད་དང་སྲོལ་འཛིན་བློན་པོ་གསརཔ་སྦེ་ བསྐོས་བཞག་གནང་སྟེ་ཡོདཔ་ཨིན།

བློན་པོ་ཟླ་བ་རྒྱལ་མཚན་འདི་ བློན་པོ་དམ་ཆོས་རྡོ་རྗེ་གི་ཚབ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ བློན་པོ་དམ་ཆོས་རྡོ་རྗེ་འདི་ ཕྱི་འབྲེལ་བློན་པོ་སྦེ་ བསྐོ་བཞག་གནང་སྟེ་ཡོདཔ་ཨིན།

ཕྱི་འབྲེལ་བློན་པོ་བགྲེསཔ་ རིན་འཛིན་རྡོ་རྗེ་གིས་ གསར་སྤང་རྫོང་ཁག་ གཤོམ་སྤང་ཁ་ འདེམས་ཁོངས་ནང་ལས་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་ནི་ཨིན་མས།

ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་འཛིན་བགྲེསཔ་ཀུན་ལེགས་དབྱངས་འཛོམས་འདི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྲི་འཛིན་གསརཔ་སྦེ་ བསྐོས་བཞག་གནང་ཡོདཔ་ད་ བཙག་འཐུ་ལྷན་ཚོགས་ཀྱི་ལྷན་འཛིན་བགྲེསཔ་ ཆོས་རྒྱལ་དར་མགོ་རིན་འཛིན་འདི་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་སྦེ་ བསྐོས་བཞག་གནང་ཡི།

དེ་ལས་ པདྨ་དགའ་ཚལ་རྫོང་བདག་བགྲེཔས་ ཚེ་རིང་སྐལ་བཟང་འདི་ རྩིས་ཞིབ་སྤྱི་ཁྱབ་གསརཔ་སྦེ་ བསྐོས་བཞག་གནང་ཡི།

རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ ཁྱད་ལྡན་གྱི་འཐུས་མི་ ཀརྨ་དམ་ཆོས་དངོས་གྲུབ་དང་ ཧེ་མའི་རྩིས་ཞིབ་པ་ རྒྱ་མཚོ་འདི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལྷན་འཛིན་སྦེ་ བསྐོ་བཞག་གནང་སྟེ་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་སྐྱིད་པདམ་འདི་ ལོག་སྟེ་རང་ བཙག་འཐུ་ལྷན་ཚོགས་ཀྱི་ལྷན་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་མ་ཚད་ ཧེ་མའི་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཨྱོན་ཚེ་དབང་འདི་ཡང་ ལྷན་འཛིན་སྦེ་ བསྐོ་བཞག་གནང་ཡི།