གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

རྒྱལ་ཁབ་ནང་དབུལ་ཕོངས་ཀྱི་གནས་ཚད་འདི་༢༠༡༨ལས་བརྒྱ་ཆ་༥དེ་ཅིག་ཁར་མར་ཕབ་འབད་ནི་ཨིནམ།

སྤྱི་ཟླ་༧ པའི་ཚེས་ ༣༠ ༢༠༡༥

PovertyAlleviation༉ འབྲུག་རྒྱལ་ཁབ་ནང་ལུ་ སྤྱི་ལོ་༢༠༡༨ལས་ དབུལ་ཕོངས་ཀྱི་གནས་ཚད་འདི་ བརྒྱ་ཆ་༥དེ་ཅིག་ཁར་ མར་ཕབ་འབད་ནི་གི་ དམིགས་ཡུལ་སྐྱེད་འོང་ཟེར་ཨིན་མས།

འདི་ཡང་ རྒྱལ་ཁབ་ནང་ལུ་ ད་རེས་འགོ་དང་པ་ཚོགས་ཡོད་མི་ དབུལ་ཕོངས་ཀྱི་གནས་ཚད་ མར་ཕབ་འབད་ནི་གི་ཐོག་ལུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཀྱི་ བློན་པོ་ཚུ་གི་བར་ནའི་ ཞལ་འཛོམས་ཐེངས་༤པའི་ནང་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱས་རྡོ་རྗེ་གིས་གསུང་ཡོདཔ་ཨིན།

ཞལ་འཛོམས་ཀྱི་སྐབས་ལུ་ ལུང་ཕྱོགས་ཚོགས་པའི་ འཐུས་མི་རྒྱལ་ཁབ་ག་ར་གིས་ དབུལ་ཕོངས་ཀྱི་དཀའ་ངལ་ མར་ཕབ་འབད་ནི་གི་ནང་ གྲུབ་འབྲས་ལེགས་ཤོམ་བཏོན་ཡོདཔ་སྦེ་ བཀོད་ནུག

དངུལ་རྩིས་བློན་པོ་གིས་གསུང་མི་ནང་ འབྲུག་རྒྱལ་ཁབ་ནང་ལུ་ སྤྱི་ལོ་༢༠༠༣ལོའི་ནང་ དབུལ་ཕོངས་ཀྱི་གནས་ཚད་འདི་ བརྒྱ་ཆ་༣༡དེ་ཅིག་འབད་ས་ལས་ སྤྱི་ལོ་༢༠༡༢ལོའི་ནང་ བརྒྱ་ཆ་༡༢ལུ་མར་ཕབ་འགྱོ་ཡོདཔ་ལས་ གྲུབ་འབྲས་སྦོམ་སྦེ་ར་བཏོན་ཡོདཔ་ཨིན་རུང་ དབུལ་ཕོངས་ཀྱི་གནས་ཚད་འདི་ མར་ཕབ་འབད་ནི་གི་དོན་ལས་ ད་རུང་ར་ ལེ་ཤ་ཅིག་འབད་དགོཔ་ཡོད་ཟེར་ཨིན་མས།

ད་རུང་ དངུལ་རྩིས་བློན་པོ་གིས་གསུང་མི་ནང་ དབུལ་ཕོངས་ཀྱི་གནས་ཚད་འདི་ མར་ཕབ་འབད་ནི་གི་དོན་ལས་ ས་ཞིང་མེད་མི་དང་ མི་སེར་སྤྱང་ཀ་ཚུ་ལུ་དམིགས་ཏེ་ རྒྱལ་ཡོངས་བསྐྱར་གསོའི་ལས་རིམ་དང་ གཡུས་ཚན་སྤྱང་ཀ་ཚུ་ནང་ལུ་ ཡུན་བརྟན་གྱི་མི་ཚེ་སྐྱོང་ཐབས་འབད་ནི་ལུ་དམིགས་ཏེ་ དཔལ་འབྱོར་གྱི་འོང་འབབ་ཡར་སེང་འབད་ནི་གི་ལས་རིམ་ཚུ་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་མས།

འདི་དང་འབྲེལ་ཏེ་ བློན་ཆེན་གྱིས་གསུང་མི་ནང་ དབུལ་ཕོངས་ཀྱི་གནས་ཚད་འདི་ མར་ཕབ་འབད་ནི་གི་དོན་ལས་ ད་རུང་ར་ ལས་རིམ་ཁག་ལེ་ཤ་ཅིག་ར་ སྒྲིག་སྟེ་ཡོད་ཟེར་ཨིན་མས།

འབྲུག་རྒྱལ་ཁབ་ནང་ལུ་ དབུལ་ཕོངས་ཀྱི་གནས་ཚད་འདི་ མར་ཕབ་འབད་ནི་གི་དོན་ལས་ ལས་འགུལ་ཁག་ བརྒྱད་དེ་ཅིག་ཡོད་མི་ཚུ་གི་དོན་ལས་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ གོང་འཕེལ་མ་དངུལ་ནང་ལས་ ཡུ་ཨེས་དྲོ་ལར་ ས་ཡ་༧ལྷགཔ་ཅིག་ ཐོབ་ཡོདཔ་ཨིན་མས།

ཞལ་འཛོམས་འདི་གིས་ ལུང་ཕྱོགས་ནང་ལུ་ དབུལ་ཕོངས་ཀྱི་གནས་ཚད་འདི་ མར་ཕབ་འབད་ནི་གི་དོན་ལས་ སྤྱི་ལོ་༢༠༡༥གི་ དམིགས་དོན་གྱི་ཧེ་མ་ དབུལ་ཕོངས་མར་ཕབ་ཀྱི་ དྭངས་ལེན་འཆར་གཞི་བཟོ་ནི་དང་ ལུང་ཕྱོགས་ཚོགས་པའི་ གོང་འཕེལ་གྱི་དམིགས་ཡུལ་ཚུ་ བསྐྱར་ཞིབ་འབད་ཐབས་ལུ་ གཞུང་ཚུ་གི་བར་ན་ མཁས་རིག་གི་སྡེ་ཚན་གཅིག་ གཞི་བཙུགས་འབད་ནི་སྦེ་ ཐག་བཅད་ནུག