གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

ཕོབ་སྦྱིས་ཁ་གཡུས་ཚན་འདི་དཔེ་སྟོན་གྱི་གཡུས་ཚན་ཅིག་སྦེ་ངོས་འཛིན་འབད་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༣༠ ༢༠༡༥

Phobjikha-SAARCMdoel༉ དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་ ཕོབ་སྦྱིས་ཁ་གཡུས་ཚན་འདི་ འབྲུག་རྒྱལ་ཁབ་ནང་ལུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ དཔེ་སྟོན་གྱི་གཡུས་ཚན་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན།

འདི་ཡང་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་ག་ར་གིས་ རང་སོའི་བློ་རིག་གི་ཐོག་ལས་ གོང་འཕེལ་བཏང་སྟེ་་ལུང་ཕྱོགས་ནང་ལུ་ གསལ་བཏོན་འབད་དགོཔ་སྦེ་ ཡོད་མི་དང་འབྲེལ་ཏེ་ཨིན་མས།

ལྷོ་ཨེ་ཤ་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ག་ར་གིས་ རང་སོའི་རྒྱལ་ཁབ་ནང་ལུ་ ལམ་ལུགས་ལེགས་ཤོམ་ག་ཅི་ཡོད་མི་འདི་ ཉམས་ལེན་འབད་དེ་ འདི་ཚུ་ འཛིན་སྐྱོང་ལེགས་ཤོམ་སྦེ་འཐབ་ཏེ་ གོང་འཕེལ་དང་རྒྱ་སྐྱེད་བཏངམ་ཨིན་མས།

འདི་ལས་བརྟེན་ཏེ་ འབྲུག་རྒྱལ་ཁབ་ཀྱིས་ ལུང་ཕྱོགས་ཚོགས་པའི་ རང་བཞིན་དང་ མི་སྡེའི་གནས་སྟངས་དང་འབྲེལ་ཏེ་ ཕོབ་སྦྱིས་ཁ་གཡུས་ཚན་འདི་ དཔེ་སྟོན་གྱི་གཡུས་ཚན་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན།

འདི་ཡང་ གཡུས་ཚན་འདི་ ས་གནས་གཞུང་དང་ གཞུང་མིན་ཚོགས་པ་ དེ་ལས་ མི་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ལེགས་ཤོམ་ཅིག་ཡོདཔ་སྦེ་ མཐོང་ཡོདཔ་ཨིན།

ས་གནས་ནང་ལུ་ མི་སྡེ་དང་འབྲེལ་བའི་ གོང་འཕེལ་གྱི་ལས་རིམ་ ཁག་ལེ་ཤ་ཅིག་ར་ འགོ་བཙུགས་ཏེ་སྦེ་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ར་ཐོན་ཏེ་ཡོདཔ་དང་ ལས་རིམ་མང་ཤོས་ཅིག་ར་ ས་གནས་ནང་གི་ མི་སེར་ཚུ་གིས་ བདག་འཛིན་འཐབ་ཏེ་ཡོདཔ་ཨིན།

གཡུས་ཚན་འདི་ དཔེ་སྟོན་གྱི་གཡུས་ཚན་ཅིག་སྦེ་ ངོས་འཛིན་འབད་མི་འདི་གིས་ ཕོབ་སྦྱིས་ཁ་གི་ མི་སེར་ཚུ་གིས་ ཁོང་གི་ལཱ་དང་ལས་རིམ་ལེགས་ཤོམ་ཚུ་དང་ གོང་འཕེལ་གྱི་ཐབས་ལམ་ལེགས་ཤོམ་ཚུ་ རྒྱལ་ཁབ་ཀྱི་མི་སེར་གཞན་ཚུ་དང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་གཞན་ཚུ་དང་ཅིག་ བརྗེ་སོར་འབད་ནི་གི་ གོ་སྐབས་ཐོབ་ནི་ཨིན་མས།

འདི་གི་སྦེ་ ཁོང་གི་ ལྕོག་གྲུབ་གོང་འཕེལ་བཏང་ནི་ལུ་ཡང་ ལྷན་ཐབས་བྱུང་པའི་ རེ་བ་ཡོདཔ་ཨིན་མས།

གཡུས་ཚན་འདི་ དཔེ་སྟོན་གྱི་གཡུས་ཚན་ཅིག་སྦེ་ ངོས་འཛིན་འབད་མི་དང་འབྲེལ་ཏེ་ གཡུས་ཚན་འདི་གི་ ཁ་གསལ་སྙན་ཞུ་འདི་ དུས་ཅི་ལོའི་ནང་ར་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཡིག་ཚང་ནང་ལུ་ ཕུལ་དགོཔ་ཨིན་མས།