གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

རྒྱ་གར་གྱི་གསར་ཤོག་ཅིག་གི་ནང་ལུ་ རྒྱ་གར་ལུ་ གློག་མེ་ལྷག་ལུས་ཐོན་ཏེ་ཡོདཔ་སྦེ་ གནས་ཚུལ་བཀྲམ་མི་འདི་ལུ་ འབྲུག་ལུ་ཚ་གྱང་མེདཔ།

སྤྱི་ཟླ་༥ པའི་ཚེས་ ༢༩ ༢༠༡༥

Excess power in India- Indian Power Minister༉ ཊ་ཡམསི་ཨོཕ་ཨིན་དྲི་ཡ་ཟེར་མི་ རྒྱ་གར་གྱི་གསར་ཤོག་ནང་ལུ་ རྒྱ་གར་རྒྱལ་ཁབ་ནང་ལུ་ གློག་མེ་འདི་ མ་ལང་ལངམ་སྦེ་ཡོདཔ་སྦེ་ཨིནམ་མ་ཚད་ ལྷག་ལུས་ཡང་ཡོདཔ་སྦེ་ སྙན་ཞུ་འབད་དེ་སྦེ་འདུག

ད་རུང་ གསར་ཤོག་འདི་ནང་ལུ་ རྒྱ་གར་གྱི་ནུས་ཤུགས་བློན་པོ་ པི་ཡུཤ་གོ་ཡལ་གིས་ ཚོགས་ཁང་ནང་ལུ་ རྒྱ་གར་རྒྱབ་ཁབ་ཀྱི་ས་གནས་མང་ཤོས་ཅིག་ནང་རང་ གློག་མེ་ལྷག་ལུས་ཐོན་ཏེ་ཡོདཔ་ཨིན་རུང་ གློག་མེ་དགོ་འདོད་སྐྱེད་མི་ཅིག་ ག་ཡང་མིན་འདུག་ཟེར་ཞུ་ཡོདཔ་སྦེ་ཨིན་མས།

ཊ་ཡམ་ཨོཕ་ཨིན་དྲི་ཡ་ནང་ལུ་བཀོད་དོ་བཟུམ་འབད་བ་ཅིན་ གུ་ཇ་རད་མངའ་སྡེ་ནང་ལུ་ གློག་ཤུགས་ཡུ་ནིཊ་ས་ཡ་སྟོང་ཕྲག་༡༩་ ཐེབ་ཐོན་ཏེ་ཡོདཔ་སྦེ་ཨིནམ་མ་ཚད་ རྒྱ་གར་ལུ་ ནུས་ཤུགས་བརྗེ་སོར་གྱི་ཐད་ཁར་ གློག་མེ་འདི་ ཉོ་མི་བས་ བཙོང་མི་ མང་སུ་སྦེ་ཡོདཔ་སྦེ་བཀོད་དེ་སྦེ་འདུག

འབྲུག་ལུ་ ད་རེས་ གློག་མེ་ལས་འགུལ་བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ནང་ལས་ཐོན་མི་གློག་ཤུགས་ཚུ་ ལྷག་ལུས་ཐོན་པའི་སྐབས་ རྒྱ་གར་ལུ་བཙོང་ནི་གི་དམིགས་ཡུལ་ཡོདཔ་ལས་ ཚ་གྱང་ལང་བཅུག་སྟེ་ཡོདཔ་ཨིན།

ཨིན་རུང་ འབྲུག་གཞུང་གི་འགོ་དཔོན་རྒས་ཤོས་ཅིག་གིས་སླབ་མི་ནང་ རྒྱ་གར་ལུ་ གློག་མེ་ལུ་དགོ་འདོད་སྐྱེད་མི་འདི་ འཕྲོ་མཐུད་དེ་རང་ ཡར་སེང་འགྱོ་སྟེ་རང་སྡོད་འོང་ཟེར་ཨིནམ་མ་ཚད་ འབྲུག་རྒྱལ་ཁབ་འདི་མ་གཏོགས་ གཞན་མི་ལྷོ་ཨེ་ཤ་གི་རྒྱལ་ཁབ་ག་ར་ གློག་ཤུགས་ནང་འདྲེན་འཐབ་མི་རྒྱལ་ཁབ་ཚུ་ཨིན་ཟེར་བཤད་ཅི།

འདི་འབདཝ་ལས་ འབྲུག་རྒྱལ་ཁབ་ཀྱིས་ གློག་མེ་ལས་འགུལ་ཚུ་ འཕྲོ་མཐུད་དེ་རང་ བཟོ་བསྐྲུན་འབད་དགོ་ཟེར་ཨིནམ་མ་ཚད་ གློག་མེ་ལས་འགུལ་བཟོ་བསྐྲུན་འབད་མི་གི་ཐད་ཁར་ ཚ་གྱང་ལང་དགོཔ་ཅིག་ ག་ནི་ཡང་མེད་ཟེར་བཤད་ཅི།

གཞུང་གི་འགོ་དཔོན་འདི་གིས་ ང་བཅས་རྒྱང་བསྒྲགས་ལུ་ བསམ་འཆར་བཤད་དེ་ཡོད་རུང་ ཁོ་གི་ངོམ་ སྟོན་མ་ད་ཟེར་སླབ་སྟེ་ཡོདཔ་ཨིན།

ད་རུང་ འགོ་དཔོན་འདི་དང་འཁྲིལ་བ་ཅིན་ འབྲུག་དང་རྒྱ་གར་གྱི་བར་ན་ གློག་མེ་གི་ཚོང་འབྲེལ་འདི་ ནུས་ཤུགས་མཁོ་སྒྲུབ་ཆིངས་ཡིག་གིས་ ལམ་སྟོན་འབད་དེ་ཡོདཔ་སྦེ་ཨིནམ་ལས་ ཆིངས་ཡིག་འདི་ནང་ལུ་ འབྲུག་ལས་ གློག་མེ་ལྷག་ལུས་ཐོན་མི་ཚུ་ རྒྱ་གར་གྱིས་ ཉོ་ནི་སྦེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ འབྲུག་པའི་དཔལ་འབྱོར་མཁས་པ་ཅིག་གིས་སླབ་མི་ནང་ ནུས་ཤུགས་མཁོ་སྒྲུབ་ཆིངས་ཡིག་འདི་དང་འཁྲིལ་བ་ཅིན་ རྒྱ་གར་གྱིས་ འབྲུག་ལས་ གློག་མེ་ལྷག་ལུས་ མེ་ག་ཝཊ་སྟོང་ཕྲག་༡༠་ཚུན་རྐྱངམ་ཅིག་ལེན་ནི་སྦེ་འདུག་ཟེར་ཨིན་མས།