གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

བལ་བུ་ལུ་ས་ཡོམ་ཀྱི་ཉམས་རྒུདཔ་ཚུ་གི་དོན་ལས་དགོཔ་སྡེ་ཁག་ཚུ་ནང་དཀར་མེ་སྟོང་མཆོད་ཕུལ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༥

Butterlamp-NepalQuake༉ གཟའ་ཉིམ་གྱི་ཚེ་ ས་ཡོམ་ཤུགས་ཅན་ཅིག་ བརྐྱབ་མི་ལུ་བརྟེན་ བལ་བུ་དང་ ལུང་ཕྱོགས་ནང་ལུ་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ རབ་སྡེ་དང་ དགོན་སྡེ་ཁག་ལས་ཕར་ དཀར་མེ་ཕུལ་ སྨོན་ལམ་ཚུ་གནང་དོ་ཡོདཔ་ཨིན།

ས་ཡོམ་བརྐྱབ་པའི་རྐྱེན་ངན་ནང་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལུ་ ད་རིས་ སྒོམ་དཀྲུ་ལུ་ཡོད་པའི་ ཨོ་རྒྱན་ཆོས་གླིང་ལྷ་ཁང་ནང་ལུ་ དཀར་མེ་སྟོང་མཆོད་ཕུལ་ནུག

དེ་ལས་ བསམ་རྩེ་རབ་སྡེ་གི་ དགེ་སློང་ཚུ་གིས་ སྨོན་ལམ་ཡང་གནང་ཡོདཔ་ད་ དེ་ཁ་ལུ་ ཉེས་འདབས་ཀྱི་ གཡུས་མཚན་ཚུ་ནང་ལས་ མི་སེར་དང་སློབ་ཕྲུག་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ གྲལ་ཁར་གཏོགས་ནུག

ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་སླབ་མི་ནང་ དེ་སྦེ་ དཀར་མེ་ཕུལ་ སྨོན་ལམ་གནང་མི་འདི་ཡང་ ཚེ་འདས་སོང་མི་ཚུ་གི་དོན་ལུ་ དགེ་རྩ་བཟུམ་ཅིག་དང་ གསོན་པོ་སྦེ་ལུས་མི་ཚུ་གི་ རྐྱེན་བར་ཆད་ སེལ་ཐབས་ལུ་ཨིནམ་སྦེ་བཤད་ཅི།

དེ་བཟུམ་སྦེ་ རྩི་རང་རྫོང་ཁག་ནང་ལུ་ རབ་སྡེ་དང་ རྫོང་ཁག་བདག་སྐྱོང་གིས་ ས་ཡོམ་ལས་བརྟེན་ ཤི་རྐྱེན་བྱུང་མི་ཚུ་གི་དོན་ལུ་ དཀར་མེ་སྟོང་མཆོད་ཕུལ་ཡོདཔ་ཨིན་མས།

དེ་ལས་ བླམ་གནས་བརྟན་གྱི་ འགོ་ཁྲིད་འབད་དེ་ དགེ་སློང་ཚུ་གིས་ སྨོན་ལམ་ཚུ་གནང་ནུག

མགར་ས་ལུ་ བླམ་གནས་བརྟན་དང་ རྫོང་ཁག་གི་འགོ་དཔོན་ཚུ་ དེ་ལས་ ཞི་གཡོགཔ་དང་ ས་གནས་ཀྱི་མི་ཚུ་གིས་ དཀར་མེ་སྟོང་མཆོད་ཕུལ་ཏེ་ སྨོན་ལམ་ཚུ་གནང་ནུག