གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

གདུང་བསམ་པོ་ལི་མེའར་གི་གོ་བཤའ་སྤྲོད་མ་ཚུགས་པ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༥

Dungsam-Polymers-suffers-a-loss-of-Nu-28M༉ བསྟན་རྒྱས་ལྷན་ཁག་འོག་ལུ་ ཐོ་བཀོད་འབད་དེ་ཡོད་མི་ བཟོ་གྲྭ་ལས་སྡེ་ཅིག་ཨིན་མི་ གདུང་བསམ་པོ་ལི་མེའར་གིས་ འགོ་བཙུགས་པའི་བསྒང་ལས་ར་ གོ་བཤའ་ཚུ་ གོང་ཚད་མཐོ་སུ་སྦེ་ མི་དམངས་ལུ་བཙོང་ཡོད་མི་འདི་ལུ་ སྐྱོན་བརྗོད་ལེ་ཤ་ཅིག་ར་འབད་དེ་ཡོད་རུང་ བཟོ་གྲྭ་ལས་སྡེ་འདི་གིས་བཀོད་མི་ནང་ གོ་བཤའ་ཉོ་མི་འདི་གི་ ཉེན་ཁག་དང་ བ་འོངས་པའི་གནས་སྟངས་ཚུ་གི་སྐོར་ལས་ ཧེ་མ་ལས་ར་ གོ་བ་བཤད་དེ་བྱིན་ཡོདཔ་ལས་ འོས་འབབ་དང་ལྡནམ་སྦེ་ཡོད་ཟེར་ཨིན་མས།

གདུང་བསམ་པོ་ལི་མེའར་གིས་ སྤྱི་ལོ་༢༠༡༢ལུ་ བཟོ་གྲྭ་ལས་སྡེ་འདི་གི་ ཚོང་འབྲེལ་གྱི་ལཱ་ཚུ་ འགོ་མ་བཙུགས་པའི་ཧེ་མ་ལས་ར་ གོ་བཤའ་ཚུ་ དངུལ་ཀྲམ་༡༦༠རེ་སྦེ་བཙོང་ཡོདཔ་ཨིན།

གོ་བཤའ་དེ་སྦེ་བཙོང་པའི་མཐའ་མ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ གོ་བཤའ་ཚར་ཅིག་ཡང་ སྤྲོད་མ་ཚུགས་པ་ཡོདཔ་དང་ ན་ཧིང་བཟུམ་ཅིག་འབད་བ་ཅིན་ བཟོ་གྲྭ་ལས་སྡེ་འདི་ལུ་ དངུལ་ཀྲམ་ས་ཡ་༢༨དེ་ཅིག་ར་ རྒུད་ཕོག་ཡོདཔ་ཨིན་མས།

ལས་སྡེ་འདི་གིས་ གོ་བཤའ་ཚུ་ཡང་ ཚོང་འབྲེལ་གྱི་ལཱ་ཚུ་ འགོ་བཙུགས་ཞིནམ་ལས་ མ་འོངས་པའི་ནང་ ཁེ་སང་ལེགས་ཤོམ་བཟོ་ཚུགས་པའི་ འོས་ཡོད་མི་ལུ་གཞི་བཞག་སྟེ་སྦེ་ གོང་ཚད་མཐོ་སུ་སྦེ་ བཙོང་ཡོདཔ་ཨིན་མས།

བཟོ་གྲྭ་ལས་སྡེ་འདི་གི་ ཐོ་བཀོད་འགོ་དཔོན་ ཀརྨ་ཡེ་ཤེས་ཀྱིས་སླབ་མི་ནང་ ལས་སྡེ་འདི་གི་ མ་འོངས་པའི་ ཚོང་འབྲེལ་གནས་སྟངས་འདི་ ལེགས་ཤོམ་ཡོདཔ་སྦེ་ཐོན་མི་ལས་བརྟེན་ཏེ་ གོ་བཤའ་བཙོང་ནི་འདི་ འོས་འབབ་ཡོད་ཟེར་ཨིན་མས།

འདི་ཁར་ ལས་སྡེ་འདི་གི་ གྲུབ་འབྲས་འདི་ གདུང་བསམ་རྩི་ས་ལས་འཛིན་གྱི་ གྲུབ་འབྲས་ལུ་རག་ལས་འོང་ཟེར་ མི་དམངས་ལུ་ གོ་བརྡ་ཡང་སྤྲོད་ཡོདཔ་ཨིན་མས།

ཨིན་རུང་ མི་དམངས་ལུ་ གོ་བཤའ་བཙོང་ནི་གི་ ལམ་ལུགས་གསརཔ་ཅིག་དང་འཁྲིལ་བ་ཅིན་ ལས་སྡེ་འདི་གིས་ ཚོང་འབྲེལ་གྱི་ལཱ་འདི་ འགོ་བཙུགས་ཏེ་ ཉུང་ཤོས་ ལོ་གསུམ་མ་འགྱོ་ཚུན་ཚོད་ཀྱི་ནང་འཁོད་ལུ་ ལས་སྡེ་འདི་གིས་ གོ་བཤའ་ཚུ་ མི་དམངས་ལུ་ བཙོང་མ་ཆོགཔ་སྦེ་ཡོདཔ་ཨིན་མས།

ཀརྨ་ཡེ་ཤེས་ཀྱིས་སླབ་མི་ནང་ ད་རེས་ ལས་སྡེ་འདི་ ལེགས་ཤོམ་ཅིག་སྦེ་ གྲུབ་འབྲས་བཏོན་མ་ཚུགས་པ་ཡོད་རུང་ མགྱོགས་པ་ར་ ཚོང་ལཱ་ཚུ་ལེགས་ཤོམ་འགྱོ་སྟེ་ ཁེ་སང་བཟོ་ནི་འགོ་བཙུགས་འོང་ཟེར་ཨིན་མས།