གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

གད་སྟག་ན་རྒེད་འོག་གི་མི་ཚུ་གིས་ ཁོང་གི་རྒེད་འོག་ནང་ལུ་ སོ་ནམ་ཞིང་ལམ་འདི་ འཆར་གཞི་དང་འཁྲིལ་ཏེ་ མ་སེལ་བའི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ ཁ་ཉེས་སྐྱེལ་དོ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༥

Gaytana- Farm road༉ ཆུ་ཁ་རྫོང་ཁག་ གད་སྟག་ན་རྒེད་འོག་གི་ མི་ཚུ་གིས་ ཁོང་གི་རྒེད་འོག་ནང་ལུ་ སོ་ནམ་ཞིང་ལམ་འདི་ འཆར་གཞི་དང་འཁྲིལ་ཏེ་ མ་སེལ་བའི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ ཁ་ཉེས་སྐྱེལ་དོ་ཡོདཔ་ཨིན་མས།

མི་ཚུ་སེམས་དང་མ་ལྡན་པར་ཡོདཔ་ལས་ ཞིང་ལམ་གྱི་སྐོར་ལས་ ལན་གསལ་འཐོབ་ནིའི་དོན་ལུ་ གད་སྟག་ན་རྒེད་འོག་གི་ སྤྱི་འོག་༥་གི་ངོ་ཚབ་ཡོད་པའི་འཐུས་མི་ཚུ་གིས་ རང་དབང་གི་ཚོགས་ཆུང་གཅིག་བཟོ་ཞིནམ་ལས་ ཞུ་ཡིག་གཅིག་བྲིས་ཏེ་ ས་ཡིག་བརྐྱབ་སྟེ་ཡོདཔ་ཨིན་མས།

ཨིན་རུང་ ཚོགས་ཆུང་འདི་ནང་ལུ་ ས་གནས་གཞུང་གི་འགོ་ཁྲིདཔ་ ཕུད་རྡོག་གཅིག་ཡང་ མེདཔ་ཨིན་མས།

ཚོགས་ཆུང་འདི་གི་ཁྲི་འཛིན་ རིན་ཆེན་རྡོ་རྗེ་དང་འཐུས་མི་ཚུ་གིས་སླབ་མི་ནང་ ལམ་འདི་ ལམ་སེལ་ལས་ཁུངས་ཀྱིས་ དཔག་ཚད་སྐྱེལ་ཏེ་ཡོད་མི་དང་འཁྲིལ་ཏེ་ མ་སེལ་ཟེར་ཨིན་མས།

ད་རུང་ རིན་ཆེན་རྡོ་རྗེ་གིས་སླབ་མི་ནང་ ལམ་འདི་ རྒེད་འོག་ལྟེ་བ་ལུ་ལྷོད་དགོཔ་ཅིག་ཨིན་རུང་ ད་རེས་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཀྲར་༩་དེ་ཅིག་གི་ས་ཁར་ ས་གནས་ ཕུ་ཚ་ཟེར་ས་ཚུན་ཚོད་རྐྱངམ་ཅིག་ སེལ་ཏེ་ཡོད་ཟེར་བཤད་ཅི།

ལམ་འདི་ཡང་ ཁ་འབག་གི་ལཱ་འབད་མི་དང་ རྫོང་ཁག་གི་ཁ་ཐུག་ལས་བཏང་མི་ ས་ཁོངས་བཟོ་རིག་འགོ་དཔོན་འདི་གིས་ དཔག་ཚད་འགྱུར་བཅོས་འབད་འབདཝ་ ལེ་ཤཱ་ར་ཡོད་ཟེར་ཨིན་མས།

འདི་ལུ་ ཆུ་ཁ་རྫོང་རབ་ པདྨ་རྡོ་རྗེ་གིས་སླབ་མི་ནང་ ཁག་འབགཔ་དང་ བཟོ་རིག་འགོ་དཔོན་ཚུ་གིས་ ལམ་འདི་ དཔག་ཚད་བཀལ་མི་དང་འཁྲིལ་སེལ་བ་ཅིན་ དུས་ཡུན་ཡང་ ལེ་ཤཱ་འགོར་བའི་ཁར་ ཟད་འགྲོ་ཡང་ ཐེབ་གནས་གནསཔ་འོང་ཟེར་བཤད་ཅི།

ད་རུང་ རྫོང་རབ་ཀྱིས་སླབ་མི་ནང་ འཁོར་ལམ་འདི་ ག་ཏེ་ལས་སེལ་རུང་ ངོ་མ་རང་ དུས་ཚོད་ཁ་ལུ་ རྒེད་འོག་ཚུན་བཀལ་ནི་འདི་འབདཝ་ལས་ མ་བཏུབ་ཅིག་མིན་འདུག་ཟེར་ཨིན་མས།

གད་སྟག་ན་རྒཔོ་གིས་སླབ་མི་ནང་ སོ་ནམ་ཞིང་ལམ་འདི་སེལ་བའི་སྐབས་ལུ་ མི་སེར་ཚུ་གི་ཁ་ཐུག་ལས་ ཚ་གྱངས་ཡོད་པའི་ལོ་རྒྱུས་ཚུ་ ག་ནི་ཡང་ བཤད་ནི་མིན་འདུག་ཟེར་ཨིན་མས།

གད་སྟག་ན་རྒེད་འོག་གི་ལམ་འདི་ཡང་ ན་ཧིང་སྤྱི་ཟླ་༧་པའི་ནང་ལས་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་འབད་དེ་འདུག

ཕུན་ཚོགས་གླིང་གི་ ལམ་སེལ་ལས་ཁུངས་ཀྱི་བཟོ་རིག་འགོ་དཔོན་གཙོ་འཛིན་ རྡོ་རྗེ་དབང་འདུས་ཀྱིས་སླབ་མི་ནང་ འཁོར་ལམ་འདི་ རྒྱུན་སྐྱོང་འཐབ་ནི་གི་དོན་ལུ་ རིན་བསྡུར་ཚུ་འབད་ཚར་ཏེ་ཡོད་ཟེར་བཤད་ཅི།