གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

གཞལ་སྒང་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཁྲིམས་འགལ་གྱི་ཐོག་ལས་ མི་རྩིས་ཐོ་བཀོད་འབད་ཡོད་པའི་བྱ་ངན་ནང་ལུ་འབྲེལ་བ་ཡོད་མི་ ཕོ་སྐྱེས་༤་ལུ་ ལོ་གཅིག་ལས་ ལོ་ཕྱད་ད་༢་ཀྱི་བར་ནའི་བཙོན་ཁྲིམས་ཀྱི་ ཁྲུན་ཆོད་བཏོན་ཏེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༥

ZhemgangDistrictCourt༉ གཞལ་སྒང་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཁྲིམས་འགལ་གྱི་ཐོག་ལས་ མི་རྩིས་ཐོ་བཀོད་འབད་ཡོད་པའི་བྱ་ངན་ནང་ལུ་འབྲེལ་བ་ཡོད་མི་ ཕོ་སྐྱེས་༤་ལུ་ ལོ་གཅིག་ལས་ ལོ་ཕྱད་ད་༢་ཀྱི་བར་ནའི་བཙོན་ཁྲིམས་ཀྱི་ ཁྲུན་ཆོད་བཏོན་ཏེ་སྦེ་འདུག

ཁོང་ཉེས་ཅན་ཕོ་རྒས་བཞིཔ་འདི་ཡང་ ཤིང་མཁར་རྒེད་འོག་གི་རྒཔོ་བགྲེསཔ་ ཏའུ་ལ་དང་ཕུན་ཚོགས་ དེ་ལས་ ཤིང་མཁར་གྱི་སྤྱི་མི་བགྲེསཔ་ འཆི་མེད་ འདི་བཟུམ་སྦེ་ གཞལ་སྒང་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ཧེ་མའི་ལས་བྱེདཔ་ ནོར་ལྡན་འབྲུག་པ་ཚུ་ཨིན་མས།

བྱ་ངན་འདི་ཡང་ ནོར་ལྡན་འབྲུག་པ་གིས་ སྤྱི་ལོ་༡༩༩༠་གོ་གྲངས་ནང་ལུ་ ས་མཚམས་ཕར་ཀའི་ དྭ་བུ་ཚུ་གི་སློབ་གྲྭ་ཅིག་གི་ནང་ལས་ ཨ་ལུ་བུཚ་གཉིས་ ཁྱིད་འོང་པའི་ཤུལ་ སྤྱི་ལོ་༢༠༡༠་ལུ་ ཁོང་ཨ་ལུ་གཉིསཔ་འདི་ ཤིང་མཁར་རྒེད་འོག་གི་ ཝམ་གླིང་གཡུས་ཚན་ནང་གི་ཁྱིམ་གུང་ ཅིག་གི་མི་རྩིས་ནང་ལུ་ ཐོ་བཀོད་འབད་ཡོདཔ་སྦེ་ཨིན་མས།

འདི་གི་ཤུལ་ལས་ བུཚ་གཉིསཔ་འདི་ གཡུས་ཚན་འདི་ནང་ལས་རང་ ཕོཝ་འཇག་སྟེ་ ཅིག་འདི་ གཞུང་གཡོག་ནང་ལུ་ཕྱག་ཞུ་དོ་ཡོདཔ་ད་ གཞན་མི་འདི་ ཚོང་རྐྱབ་སྡོད་མི་ཅིག་ཨིན་མས།

ཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཁོང་བུཚ་གཉིས་ཀྱི་མི་རྩིས་ཐོ་བཀོད་འབད་དེ་ཡོད་མི་འདི་ བཏོན་བཏང་དགོཔ་སྦེ་ ཨིན་མས།

གནད་དོན་འདི་ཡང་ ཝམ་གླིང་གཡུས་ཚན་གྱི་ཁྱིམ་གུང་འདི་གི་མི་རྩིས་ནང་ལུ་ མིའི་ཚེ་སྲོག་གི་ཉེན་བཅོལ་བཏབ་པའི་སྐབས་ མི་ཐེབ་༢་ཡོདཔ་སྦེ་ཤེས་པའི་ཤུལ་ ཐོན་ཡོདཔ་ཨིན་མས།

གནད་དོན་འདི་གུར་ ཞིབ་དཔྱད་འགོ་འདྲེན་འཐབ་པའི་སྐབས་ ཁོང་བུཚ་གཉིསཔ་འདི་ མི་རྩིས་ནང་ལུ་ཐོ་བཀོད་འབད་ནི་གི་ལམ་ལུགས་ཚུ་ ག་རང་མ་ཚང་པར་ གཡོ་བསྒྱུ་གི་སྒོ་ལས་ ཐོ་བཀོད་འབད་ཡོདཔ་སྦེ་ཨིན་མས། ཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཁོང་ཉེས་ཅན་ཕོག་མི་ ཕོ་རྒས་བཞིཔ་འདི་གིས་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་མས།