གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ལྷན་ཁག་ལྔ་གི་གཞུང་སྐྱོང་མཆོག་འགྱུར་འགན་ཡིག་གི་ལོ་ཕྱེད་བསྐྱར་ཞིབ་འབད་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༧ ༢༠༡༥

PM reviews midterm performances༉ སྤྱི་ལོ་༢༠༡༤ལས་༢༠༡༥བར་གྱི་ ལོ་བསྟར་ གཞུང་སྐྱོང་མཆོག་འགྱུར་གྱི་འགན་ཡིག་ལུ་ མཚན་རྟགས་བཀོད་པའི་ཤུལ་ལས་ ལོ་ཕྱེད་ཀྱི་བསྐྱར་ཞིབ་འབད་བའི་སྐབས་ལུ་ བློན་ཆེན་མཆོག་གིས་ ལྷན་ཁག་ལྔ་དང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ འགན་ཡིག་དང་འཁྲིལ་བའི་ ཁས་བླང་འདི་ཚུ་གྲུབ་ཡོད་མི་ལུ་ ངལ་རང་ཡོདཔ་སྦེ་གསུང་ནུག

ཨིན་རུང་ བློན་ཆེན་མཆོག་གིས་གསུང་མི་ནང་ འགན་ཡིག་ནང་ལུ་བཀོད་དེ་ཡོད་མི་ ཁས་བླང་ཚུ་ག་ར་གྲུབ་ཚུགས་པ་འདི་ གདོང་ལེན་སྦོམ་སྦེ་ར་འདུག་ཟེར་ཨིན་མས།

ཁ་ཙ་ ལཱ་གཡོག་ལྷན་ཁག་དང་ ཤེས་རིག་ལྷན་ཁག་ དེ་ལས་ བརྒྱུད་འབྲེལ་ལྷན་ཁག་དང་ བསྟན་རྒྱས་ལྷན་ཁག་ འདི་བཟུམ་འབད་ གསོ་བའི་ལྷན་ཁག་ཚུ་ བསྐྱར་ཞིབ་འབད་ཡོདཔ་ཨིན།

གཞུང་སྐྱོང་མཆོག་འགྱུར་གྱི་འགན་ཡིག་ནང་ལུ་ ལཱ་གཡོག་ལྷན་ཁག་གིས་ རྒྱལ་ཁབ་ནང་ལུ་ ལཱ་གཡོག་མ་ཐོབ་པའི་གནས་སྟངས་འདི་ མར་ཕབ་འབད་དེ་ ལཱ་གཡོག་མ་ཐོབ་པར་ལུས་མི་ག་ར་ལུ་ ལཱ་གཡོག་བྱིན་ནི་སྦེ་ ཁས་ལེན་འབད་དེ་ཡོདཔ་ཨིན་མས།

བསྐྱར་ཞིབ་ཀྱི་སྐབས་ལུ་ གསལ་ཞུ་འབད་མི་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༤སྤྱི་ཟླ་༦པའི་ནང་ལས་ སྤྱི་ཟླ་༡༢པ་ཚུན་ཚོད་ཀྱི་ནང་འཁོད་ལུ་ ལྷན་ཁག་གིས་ ཐད་ཀར་ལཱ་གཡོག་བྱིན་ནི་གི་ལས་རིམ་དང་ ཕྱི་ཡི་རྒྱལ་ཁབ་ནང་ལུ་ ལཱ་གཡོག་ནང་བཙུགས་ནི་གི་ ལས་རིམ་ཐོག་ལས་ ལཱ་གཡོག་འཚོལ་མི་ ༣༢༠༠ལྷགཔ་ཅིག་ལུ་ ལཱ་གཡོག་བྱིན་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ལཱ་གཡོག་གི་གོ་སྐབས་ཚུ་ བཟོ་ནི་གི་ཐད་ཁར་ ལྷན་ཁག་ལུ་ དབང་ཚད་ཉུང་སུ་ཅིག་ལས་འགལ་མེདཔ་སྦེ་མཐོང་ནུག

ཤེས་རིག་ལྷན་ཁག་གི་ ལོ་ཕྱེད་བསྐྱར་ཞིབ་དང་འཁྲིལཝ་ད་ ལྷན་ཁག་གིས་ ཁས་བླང་ལ་ལོ་ཅིག་གྲུབ་ཡོདཔ་དང་ ད་ལྟོ་གྲུབ་མ་ཚུགས་པར་ ལུས་ཏེ་ཡོད་མི་ ཁས་བླང་ཚུ་ཡང་ གྲུབ་འབྲས་ལེགས་ཤོམ་སྦེ་ར་ ཐོན་དོ་ཡོདཔ་སྦེ་ཨིན་མས།

སྙན་ཞུ་དང་འཁྲིལཝ་ད་ ལྷན་ཁག་གིས་ ཤེས་ཡོན་ལྷབ་ནི་གི་གོ་སྐབས་ཐོབ་ནི་འདི་ འཇམ་ཏོང་ཏོ་བཟོ་ཡོདཔ་མ་ཚད་ ཤེས་རིག་གི་ཡུན་བརྟན་དང་སྤུས་ཚད་འདི་ཡང་ ཡར་དྲག་བཏང་ཚུགས་ཏེ་ཡོདཔ་ཨིན་མས།

འདི་བཟུམ་འབད་ མི་རྒས་ཤོས་ཚུ་གི་ ཤེས་ཡོན་རྒྱ་སྐྱེད་བཏང་ནི་དང་ ན་གཞོན་གོང་འཕེལ་གྱི་ལས་རིམ་ཚུ་ཡང་ རྒྱ་སྐྱེད་བཏང་ཚུགས་ཏེ་ཡོདཔ་ཨིན།

ལྷན་ཁག་ལུ་ དཀའ་ངལ་ཟེར་རུང་ སློབ་གྲྭ་ཚུ་ནང་ལུ་ ལམ་སྟོན་དང་བསླབ་སྟོན་གྱི་ལས་རིམ་ཚུ་ གཞི་བཙུགས་འབད་ནི་གི་ནང་ བྱུང་ཡོདཔ་དང་ འདི་ཡང་ སློབ་གྲྭའི་བསླབ་སྟོན་པ་ཚུ་བཙུགས་ནི་གི་དོན་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ རེ་དགོ་མི་ལས་བརྟེན་ཏེ་ཨིན་མས།

བརྒྱུད་འབྲེལ་ལྷན་ཁག་གི་ ལོ་ཕྱེད་བསྐྱར་ཞིབ་དང་འཁྲིལཝ་ད་ ཁས་བླང་ཧ་ལམ་ཅིག་གྲུབ་ཏེ་ཡོདཔ་སྦེ་མཐོང་ནུག

ལྷན་ཁག་གིས་ འདས་པའི་ཟླཝ་དག་པ་ཅིག་གི་ནང་འཁོད་ལུ་ རྒྱལ་ཁབ་ནང་ལུ་ སྣུམ་འཁོར་ཐུག་རྐྱེན་ལས་བརྟེན་པའི་ཤི་རྐྱེན་དང་གནོད་རྐྱེན་ཚུ་ ཧ་ལམ་ཅིག་ མར་ཕབ་འབད་ཚུགས་ཏེ་ཡོདཔ་ཨིན།

ལྷན་ཁག་གིས་ ཁས་བླང་དང་འཁྲིལ་ སྤ་རོ་རྒྱལ་སྤྱི་གནམ་གྲུབ་ཐང་འདི་ཡང་ རྒྱ་སྐྱེད་འབད་དེ་ཡོདཔ་ཨིན།

འདི་བཟུམ་འབད་ ཁས་བླང་གཞན་ཡང་ བརྡ་བརྒྱུད་ཀྱི་ཁྱབ་དབང་རྒྱ་སྐྱེད་བཏང་ནི་དང་ བརྡ་དོན་འཕྲུལ་རིག་དང་ བརྡ་བརྒྱུད་ཀྱི་ཐོག་ལས་ ལམ་སྲོལ་གོང་འཕེལ་བཏང་ནི་ཚུ་ གྲུབ་ཏེ་ཡོདཔ་ཨིན་མས།

ཨིན་རུང་ བརྡ་དོན་འཕྲུལ་རིག་འདི་ ལྗོན་ཐངས་ཅན་སྦེ་བཟོ་ནི་གི་དོན་ལས་ ཡོངས་འབྲེལ་ཨིན་ཀྲར་ནེཊ་གི་བརྒྱུན་ལམ་གཏན་ཏོག་ཏོ་ཅིག་མེད་མི་ལས་བརྟེན་ཏེ་ ལྷན་ཁག་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་མས།

འདི་བཟུམ་འབད་ བསྟན་རྒྱས་ལྷན་ཁག་གིས་ དཔལ་འབྱོར་ཡར་འཕར་བཏང་ནི་དང་ ཆུ་ལས་བརྟེན་པའི་ གློག་མེ་གོང་འཕེལ་བཏང་ནི་འདི་ མགྱོགས་དྲག་སྦེ་འབད་ནི་གི་ཁས་བླང་ཚུ་ ལ་ལོ་ཅིག་གྲུབ་ཏེ་ཡོད་པའི་ཁར་ ལ་ལོ་ཅིག་ ད་ལྟོ་ གྲུབ་འབྲས་ལེགས་ཤོམ་སྦེ་ར་བཏོན་དོ་ཡོདཔ་ཨིན་མས།

ཨིན་རུང་ ཁྱེགས་མཚོ་སྦེག་འོང་སྟེ་ ཆུ་རུད་ཐོན་པའི་སྐབས་ལུ་ སྔོན་བརྡ་འབད་ནི་གི་ལམ་ལུགས་འདི་ གཞི་བཙུགས་འབད་ནི་གི་དོན་ལས་ ས་ཆ་མཁོ་སྒྲུབ་འབད་ནི་གི་ནང་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་མས།

གསོ་བའི་ལྷན་ཁག་གིས་འབད་བ་ཅིན་ རྫོང་ཁག་༡༢གི་ནང་ལུ་ དྲུང་འཚོ་༣རེ་བཏང་ཚུགས་ཏེ་ཡོདཔ་དང་ ལོ་གཅིག་གི་འགན་ཡིག་དུས་ཚོད་འདི་ མཇུག་བསྡུ་བའི་བསྒང་ལས་ རྫོང་ཁག་༢༠ག་རའི་ནང་ལུ་ དྲུང་འཚོ་༣རེ་བཏང་ཚུགསཔ་སྦེ་འབད་ནི་གི་ དམིགས་ཡུལ་སྐྱེདཔ་ཨིན་མས།

ཨིན་རུང་ ཞི་བའི་བཟོ་རིག་འགོ་དཔོན་མེད་མི་ལས་བརྟེན་ཏེ་ གསོ་བའི་གཞི་བརྟེན་མཐུན་རྐྱེན་ཚུ་གྲུབ་ནི་གི་ནང་ དཀའ་ངལ་དུམ་གྲ་རེ་བྱུང་སྟེ་ཡོདཔ་ཨིན།

དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཁས་བླང་མང་ཤོས་ཅིག་ར་ གྲུབ་ཏེ་ཡོདཔ་སྦེ་ཨིན་རུང་ མི་སྟོབས་ལངམ་སྦེ་མེད་མི་ལས་བརྟེན་ཏེ་ དཀའ་ངལ་བྱུང་སྟེ་ཡོདཔ་སྦེ་ གསལ་ཞུ་འབད་ནུག