རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་རྩེ་ལུ་ ཁྲིམས་འགལ་གྱི་ཐོག་ལས་ ཞིང་ལམ་སེལ་ཡོད་པའི་གནད་དོན་འདི་ དྲུང་ཁག་ཁྲིམས་ཀྱི་འདུན་ས་ལུ་བཀལ་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསམ་རྩེ་རྫོང་ཁག་ ནོར་རྒྱས་སྒང་རྒེད་འོག་གི་ས་གནས་གཞུང་གི་འགོ་དཔོན་ ༣ དང་ ཞི་གཡོགཔ་ ༢ ཀྱིས་ ན་ཧིང་ མགྱོན་སྤང་གླིང་སྒར་ནང་སྤྱི་འོག་ནང་ ཁྲིམས་འགལ་གྱི་ཐོག་ལས་ སོ་ནམ་ཞིང་ལམ་སེལ་ཡོད་པའི་གནད་དོན་འདི་ ད་རིས་ བཀྲ་ཤིས་ཆོས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལུ་ བཀལ་ཏེ་སྦེ་འདུག

ཁོང་འགོ་དཔོན་ཚུ་ཡང་ རྒེད་འོག་འདི་རྒཔོ་དང་དམངས་མི་ དེ་ལས་ ཚོགས་པ་དང་བལྟ་རྟོག་བཟོ་རིག་འགོ་དཔོན་ འདི་བཟུམ་སྦེ་ བདག་སྐྱོང་འགོ་དཔོན་ཚུ་ཨིན་མས།

ས་གནས་གཞུང་གི་འགོ་དཔོན་ ༣ ལུ་འབད་བ་ཅིན་ རྫོང་ཁག་གིས་ གནང་བ་མ་བྱིན་པར་ཡོད་རུང་ སོ་ནམ་ཞིང་ལམ་འཐེབ་ཀི་ལོ་མི་ཊར་ ༡ ལྷགཔ་ཅིག་ སེལ་ཡོད་པའི་ཉེས་འཛུགས་བཀལ་ཏེ་འདུག

འདི་ཡང་ སོ་ནམ་ཞིང་ལམ་འདི་ ས་མཚམས་ཁར་འབདཝ་ལས་ སྲུང་སྐྱོབ་ཀྱི་གནད་དོན་ཚུ་ལས་བརྟེན་ སེལ་མ་བཅུག་པར་བཞག་སྟེ་འདུག

ཨིན་རུང་ རྒཔོ་འདི་གིས་སླབ་མི་ནང་ ཁོང་གི་ཁ་ཐུག་ལས་ སོ་ནམ་ཞིང་ལམ་འདི་སེལ་ནི་གི་དོན་ལུ་ རྫོང་ཁག་འཆར་གཞི་འགོ་དཔོན་ལས་ ངག་ཐོག་ལུ་ གནང་བ་ཐོབ་སྟེ་ཡོད་ཟེར་བཤད་ཅི།

ནོར་རྒྱས་སྒང་རྒཔོ་ལུ་ ཉེས་འཛུགས་ཁག་ ༦ བཀལ་དོ་ཡོདཔ་ད་ འདི་ཡང་ ཁྲིམས་འགལ་གྱི་ཐོག་ལས་ སོ་ནམ་ཞིང་ལམ་སེལ་མི་དང་ མཐའ་འཁོར་གྱི་ཉོགས་མེད་ཡི་གུ་མེད་པར་ འཁོར་ལམ་སེལ་ཡོད་མི་ དེ་ལས་ གཞུང་ས་ནང་ ཧམ་འཛུལ་འབད་ཡོད་མི་དང་ ཡིག་ཚང་གི་བྱ་སྤྱོད་ལས་འགལ་བ་ འདི་བཟུམ་སྦེ་ གནོད་སེམས་བསྐྱེད་བ་དང་ འབངས་ཀྱི་བདེ་སྲུང་དང་ལྷོད་འཇགས་ཀྱི་བར་རྐྱེན་རྐྱབ་མི་ཚུ་ཨིན་མས།

འདི་བཟུམ་སྦེ་ དམངས་མི་དང་ཚོགས་པ་ལུ་འབད་བ་ཅིན་ རྒཔོ་འདི་ལུ་ བྱ་ངན་ཚུ་འབད་ནི་ནང་ རྒྱབ་སྐྱོར་འབད་ཡོད་པའི་ཉེས་འཛུགས་ཚུ་བཀལ་ཏེ་སྦེ་འདུག

འདི་དང་གཅིག་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བལྟ་རྟོག་བཟོ་རིག་འགོ་དཔོན་དང་ རྒེད་འོག་བདག་སྐྱོང་འགོ་དཔོན་ལུ་འབད་བ་ཅིན་ བྱ་ངན་འདི་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྙན་ཞུ་འབད་ནི་ལས་ འཐུས་ཤོར་ཡོད་པའི་ཉེས་འཛུགས་བཀལཝ་ཨིན་མས།

ཡིག་ཚང་འདི་གིས་འབད་བ་ཅིན་ ཁོང་དོགས་པ་ཅན་ཚུ་ལས་ ཞིང་ལམ་འཐེབ་སེལ་བའི་སྐབས་ཀྱི་ འགྲོ་སོང་འཐེབ་བཏང་མི་ཚུ་ ལོག་ལེན་དགོཔ་སྦེ་ཨིན་མས།

འདི་དང་གཅིག་ཁར་ ས་གནས་གཞུང་གི་འགོ་དཔོན་ ༣ གྱིས་ དུས་ཅི་ སྤྱི་ཟླ་ ༦ པའི་ནང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ལུ་ དགོངས་ཞུའི་ཡི་གུ་བཙུགས་ཏེ་ཡོད་རུང་ ཆ་མེད་བཏང་སྟེ་ཡོདཔ་ཨིན།

གནད་དོན་འདི་གི་ཐད་ཁར་ དྲུང་ཁག་ཁྲིམས་ཀྱི་འདུན་ས་གིས་ སྙན་གསན་གྱི་ལས་རིམ་ཚུ་ཡང་ ཤུལ་མའི་བདུན་ཕྲག་ནང་ལས་ འགོ་འདྲེན་འཐབ་ནི་གི་འཆར་གཞི་འདུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube