ནད་ཡམས་ལས་བརྟེན་ཏེ་ ད་རུང་རང་ཤི་རྐྱེན་བྱུང་ཡོདཔ།

༉ ཕུན་ཚོགས་གླིང་གི་ ནདཔ་ལོགས་སུ་སྦེ་བཞག་སའི་ས་སྒོ་ནང་ལས་ ད་རིས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོབ་མི་ ཨམ་སྲུ་གཅིག་ལུ་ ཤི་རྐྱེན་བྱུང་ནུག

སྐྱེས་ལོ་༨༢ལང་མི་ ནདཔ་ཨམ་སྲུ་འདི་ཡང་ བསམ་རྩེ་རྫོང་ཁག་འོག་གི་ ཕུན་ཚོགས་དཔལ་རི་ལས་ཨིན་མས།

གསོ་བའི་ལྷན་ཁག་དང་འཁྲིལ་བ་ཅིན་ ཚེ་འདས་ཨམ་སྲུ་འདི་ལུ་ ནད་ཡམས་ཀྱི་མ་དོ་བར་ དོན་ཧིང་གི་ནད་གཞི་དང་ དབུགས་གཏོང་ལེན་ དེ་ལས་ ཁྲག་ཤུགས་དང་གུ་རམ་གྱི་ནད་གཞི་ཚུ་ཡང་ སྡོད་ནུག་ཟེར་ཨིན་མས།

འདི་བཟུམ་སྦེ་ ཚེ་འདས་ཨམ་སྲུ་འདི་གིས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་སྨན་ཁབ་ཡང་ མ་རྐྱབ་པས་ཟེར་བཤད་ཅི།

རྒྱལ་ཁབ་ནང་ལུ་ ད་ལྟོ་ཚུན་ཚོད་ ནད་ཡམས་ཐོབ་མི་༢༣༠༠ལྷགཔ་ཅིག་འབད་ས་ལས་ མི་གཉིས་ལུ་ ཤི་རྐྱེན་བྱུང་སྟེ་ཡོདཔ་ཨིན།

ནད་ཡམས་ལས་བརྟེན་ཏེ་ འགོ་དང་པ་རང་ དུས་ཅི་ སྤྱི་ཟླ་དང་པའི་སྤྱི་ཚེས་༧ལུ་ སྐྱེས་ལོ་༣༤ལང་མི་ཕོ་སྐྱེས་གཅིག་ལུ་ ཤི་རྐྱེན་བྱུང་སྟེ་ཡོདཔ་ཨིན།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube