གློག་རིག་ཚུ་ ཡུན་རིངམོ་སྦེ་བལྟ་མི་ལས་བརྟེན་ཏེ་ མིག་ཏོ་ཚ་མི་གི་ནདཔ་ མང་སུ་སྦེ་འོང་དོ་ཡོདཔ།

༉ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ གློག་རིག་དང་གཞན་མི་འཕྲུལ་རིག་ཚུ་ ཡུན་རིངམོ་སྦེ་བལྟ་མི་ལས་བརྟེན་ཏེ་ མིག་ཏོ་ཚ་མི་དང་ལྟག་ལྐོག་དང་ཕྱག་ལྟག་ན་མི་གི་ནདཔ་གི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་རང་ཡོདཔ་སྦེ་ཨིན་མས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ མིག་ཏོ་གི་དྲུང་འཚོ་ ནོར་ཚེ་རིང་ལེབ་ཅ་གིས་སླབ་མི་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ འགྲུལ་འཕྲིན་དང་གློག་རིག་ དེ་ལས་ རྒྱང་མཐོང་ཚུ་ ཡུན་རིངམོ་སྦེ་བལྟ་མི་ལུ་བརྟེན་ མིག་ཏོདང་འབྲེལ་བའི་ན་ཚ་ཐོབ་མི་ནདཔ་ ཉིནམ་རེ་ལུ་ ༣༠དེ་རེ་ འོང་དོ་ཟེར་བཤད་ཅི།

ད་རུང་ དྲུང་འཚོ་འདི་གིས་འབད་བ་ཅིན་ འཕྲུལ་རིག་ཚུ་བལྟ་བའི་སྐབས་ འདི་གི་འོད་ཚུ་གིས་ མིག་ཏོ་ལུ་གནོད་དོ་ཡོདཔ་མ་ཚད་ འཕྲུལ་ཆས་ཚུ་ གདོང་ཁ་སྦྱར་ཏེ་རང་ བལྟ་བའི་བསྒང་ལས་ མིག་ཏོ་གི་རྩ་ཚུ་ཀྲིང་དགོ་ནི་འདི་གིས་ མིག་ཏོ་ཚུ་ཡང་ ཚ་བཅུག་དོ་ཡོདཔ་སྦེ་ཨིན་མས།

རྒྱལ་ཁབ་ནང་ལུ་ མིག་ཏོ་ན་ཚ་ཐོབ་མི་གི་གྱངས་ཁ་ ཡར་སེང་འགྱོ་མི་འདི་ཡང་ ནད་ཡམས་ཐོན་པའི་ཤུལ་ ལཱ་མང་ཤོས་ཅིག་ར་ ཡོངས་འབྲེལ་ནང་ལས་འབད་དགོཔ་ཐོན་ནི་འདི་གིས་ཨིན་མས་ཟེར་བཤད་ཅི།

འདི་འབདཝ་ལས་ དྲུང་འཚོ་ཚུ་གིས་བཀོད་མི་ནང་ གློག་རིག་ཚུ་བལྟ་བའི་སྐབས་ སྐར་མ་༢༠གི་བར་ན་ སྐར་ཆ་༢༠དེ་ཅིག་གི་རིང་ ངལ་འཚོ་དགོཔ་སྦེ་ཨིནམ་མ་ཚད་ གློག་རིག་ཚུ་ཡང་ སྦོ་ལོགས་ཁར་སྦྱར་ཏེ་མེན་པར་ སེན་ཊི་མི་ཊར་༤༠ལས་༤༥གི་བར་ན་བཞག་སྟེ་ བལྟ་དགོཔ་སྦེ་ཨིན་མས།

ཨཱ་མི་རི་ཀ་གི་མིག་ཏོ་བརྟག་དཔྱད་ཚོགས་པ་གིས་འབད་རུང་ ཉིནམ་རན་ཆད་མེདཔ་ དུས་ཡུན་ཆུ་ཚོད་༢་དང་ འདི་ལས་ཡང་ལྷག་སྟེ་ གློག་རིག་དང་འགྲུལ་འཕྲིལ་བཟུམ་གྱི་ འཕྲུག་རིག་ཚུ་ བལྟཝ་བལྟ་སར་སྡོད་མི་འདི་གིས་ མིག་ཏོ་དང་འབྲེལ་བའི་ ན་ཚ་ཐོབ་ནི་གི་ཉེན་ཁ་སྦོམ་ར་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ རྒྱ་གར་གྱི་མཁས་མཆོག་ཚུ་གིས་ཡང་ གློག་རིག་ལེབ་ཊོབ་ ཆུ་ཚོད་༢་ཀྱི་རིང་ལུ་དང་ ཡང་ན་ འགྲུལ་འཕྲིན་ཆུ་ཚོད་ཕྱེད་དེ་ཅིག་གི་རིང་ བལྟ་མི་འདི་གིས་ མིག་ཏོ་ཚ་དོ་ཡོདཔ་སྦེ་བཤད་དེ་འདུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube