མོང་སྒར་ལུ་ ཁྱིམ་སྒོ་བཤལ་རྐྱབ་སྟེ་ ཚོགས་རྒྱན་གྱི་ཞབས་ཏོག།

༉ བཙག་འཐུ་ལྷན་ཚོགས་ཀྱིས་ ཁ་ཙ་ལས་ མོང་སྒར་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་གི་དོན་ལས་ སྐྱེས་ལོ་༦༥ཡན་ཆད་དང་དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལུ་ ཁྱིམ་སྒོ་བཤལ་རྐྱབ་སྟེ་ ཚོགས་རྒྱན་བསྐྱུར་ནི་གི་ཞབས་ཏོག་འབྱིན་ནི་འགོ་བཙུགས་ཏེ་འདུག

ཞབས་ཏོག་འདི་གི་དོན་ལུ་ ཚོགས་རྒྱན་བསྐྱུར་མི་༢༣༠་གིས་ ཐོ་བཀོད་འབད་དེ་ཡོད་ས་ལས་ ཁ་ཙ་ མི་༡༦༠་ལྷགཔ་ཅིག་གིས་ ཚོགས་རྒྱན་བཙུགས་ནུག

ཉིནམ་གཉིས་ཀྱི་ ཚོགས་རྒྱན་གྱི་ཞབས་ཏོག་འདི་ཡང་ མོང་སྒར་འདེམས་ཁོངས་འོག་གི་ མོང་སྒར་དང་འབྲས་སྤུངས་ ཆ་གླིང་དང་ཙ་ཀ་གླིང་ དེ་ལས་ རྩ་མང་རྒེད་འོག་ལྔཔ་ཆ་རའི་ནང་ལུ་ འབྱིན་དོ་ཡོདཔ་ཨིན་མས།

མོང་སྒར་འདེམས་ཁོངས་ཀྱི་ངོས་ལེན་འགོ་དཔོན་ མ་ནི་ཀེ་ག་ལེ་གིས་སླབ་མི་ནང་ ཚོགས་རྒྱན་གྱི་ཞབས་ཏོག་དེ་སྦེ་འབྱིན་མི་འདི་ཡང་ ད་རེས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་གནས་སྟངས་ནང་ལུ་ ལོ་ན་རྒས་མི་དང་ དབང་པོ་ལུ་ཐོ་ཕོག་མི་ཚུ་ མི་གཞན་མི་ཚུ་དང་ འབྲེལ་བ་འཐབ་མ་བཅུག་པར་ བཞག་ནི་གི་དོན་ལུ་ཨིན་ཟེར་བཤད་ཅི།

འདི་བཟུམ་སྦེ་ མི་ཚུ་གིས་རང་འབད་རུང་  ཚོགས་རྒྱན་གྱི་ཞབས་ཏོག་ སྒོའི་རྩ་བར་ཚུན་ཚོད་རང་འབག་འོང་མི་འདི་གིས་ ནངས་པ་གནང་ཚེས་ ཚོགས་རྒྱན་ཉིནམ་གི་ཚེ་ ཚོགས་རྒྱན་ས་ཁོངས་ནང་ལུ་འགྱོ་མ་དགོ་པར་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་མས།

བཙག་འཐུ་ལྷན་ཚོགས་ཀྱིས་བཀོད་མི་ནང་ འདི་བཟུམ་གྱི་ཚོགས་རྒྱན་ཞབས་ཏོག་འདི་ པདྨ་དགའ་ཚལ་ ངང་ལམ་འདེམས་ཁོངས་ཀྱི་དོན་ལུ་ཡང་ འབྱིན་འོང་ཟེར་བཤད་ཅི།

མོང་སྒར་དང་ངང་ལམ་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་འདི་ཡང་ ཤུལ་མའི་གཟའ་ལྷགཔ་གི་ཚེ་ འགོ་འདྲེན་འཐབ་ནི་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube