ཏམ་ཁུ་དམ་འཛིན་གྱི་འཕྲི་སྣོན་དཔྱད་ཡིག་ འཕྲལ་མཁོའི་དཔྱད་ཡིག་སྦེ་ གསུངས་གྲོས་གནང་ནི་ཨིནམ།

༉ རྒྱལ་ཡོངས་ཚོགས་འདུ་གིས་ ད་རིས་ ཉི་མའི་ཚོགས་བཞུགས་ནང་ལུ་ ཏམ་ཁུ་དམ་འཛིན་གྱི་ འཕྲི་སྣོན་དཔྱད་ཡིག་༢༠༢༡ཅན་མ་འདི་ འཕྲལ་མཁོའི་དཔྱད་ཡིག་སྦེ་ གསུང་གྲོས་གནང་ནི་ཟེར་ གྲོས་ཐག་བཅད་དེ་ཡོདཔ་ཨིན།

འདི་འབདཝ་ལས་ དཔྱད་ཡིག་འདི་ ད་རེས་ཀྱི་ཚོགས་ཐེངས་ནང་རང་ ཆ་འཇོག་གནང་ནི་ཨིན་མས།

བློན་ཆེན་ཡིག་ཚང་དང་འཁྲིལ་བ་ཅིན་ གཞུང་གིས་ རྒྱལ་ཁབ་ནང་ལུ་ ཏམ་ཁུ་ནང་འདྲེན་དང་ བཙོང་ནི་གི་ཐད་ཁར་ ཁྲིམས་ཀྱི་ཧོངས་ལས་ དམ་འཛིན་ཡོད་མི་འདི་ སྒོ་ཡངས་དྲག་བཟོ་དགོ་པའི་ གྲོས་འདེབས་ཕུལ་དོ་ཡོདཔ་སྦེ་ཨིན་མས།

བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ཞུ་མི་ནང་ དཔྱད་ཡིག་བསྐྱར་ཞིབ་འབད་ནི་གི་ གྲོས་འདེབས་ཕུལ་མི་འདི་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ལུ་ ནད་ཡམས་ཀྱི་གནས་སྟངས་དང་འཁྲིལ་ཏེ་ཨིན་ཟེར་ཞུ་ཡི།

འདི་ཡང་ ས་མཚམས་ཀྱི་ས་གོ་ཚུ་ནང་ལས་ཕར་ བལྟ་བརྟོག་དམ་དམ་སྦེ་ འབད་དེ་རང་ཡོད་རུང་ མི་སྡེའི་ནང་ལས་ ནད་ཡམས་ཁྱབ་སྤེལ་འགྱོ་མི་གི་གནད་དོན་ཚུ་ འཐོན་ཏེ་ཡོདཔ་སྦེ་ཨིན་མས།

འདི་ལུ་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་སྐབས་ མི་སྡེ་ནང་ལས་ ནད་ཡམས་ཁྱབ་སྤེལ་འགྱོ་མི་འདི་ཡང་ ས་མཚམས་བདའ་སྟེ་ ཁྲིམས་འགལ་གྱི་ཐོག་ལས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ ནང་འདྲེན་འཐབ་ནི་འདི་གིས་ཨིནམ་སྦེ་ གསལ་སྟོན་བྱུང་ཡོདཔ་ཨིན་མས།

ཁྲིམས་སྲུང་གིས་ ཐོ་བཀོད་བཞག་མི་དང་འཁྲིལ་པ་ཅིན་ ན་ཧིང་ སྤྱི་ཟླ་༣པ་ལས་ དུས་ཅི་ སྤྱི་ཟླ་༦པའི་བར་ན་ ས་མཚམས་ཀྱི་འཛུལ་སྒོ་ཚུ་ སྒོ་བསྡམས་པའི་དུས་ཚོད་ཁར་ ཁྲིམས་འགལ་གྱི་ཐོག་ལས་ ཏམ་ཁུ་ནང་འདྲེན་འཐབ་མི་ བརྒྱ་ལྷགཔ་ཅིག་ བཟུང་སྟེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ སྤྱི་ལོ་༢༠༡༩ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༢དང་འབུམ་༩གནས་པའི་ ཏམ་ཁུ་ཚུ་དབང་བཟུང་འབད་ས་ལས་ ན་ཧིང་ གོང་ཚད་དངུལ་ཀྲམ་སཡ་༧གནས་པའི་ཏམ་ཁུ་ཚུ་ དབང་བཟུང་འབད་དེ་སྦེ་འདུག

ས་མཚམས་བདའ་སྟེ་ ཁྲིམས་འགལ་གྱི་ཐོག་ལས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ ནང་འདྲེན་འཐབ་མི་གི་ གནད་དོན་ཚུ་ཡང་ ཕུན་ཚོགས་གླིང་དང་བསམ་རྩེ་ དེ་ལས་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ལས་ སྙན་ཞུ་འབད་དེ་ཡོདཔ་ཨིན་མས།

བློན་ཆེན་ཡིག་ཚང་ནང་ལས་ གནས་ཚུལ་གསར་སྟོན་ཅིག་ བཏང་མི་དང་འཁྲིལཝ་ད་ ད་རེས་ ཏམ་ཁུ་བཙོང་ཆོག་པའི་ གྲོས་འདེབས་ཕུལ་མི་འདི་ རྒྱལ་ཁབ་ནང་ལུ་ ཏམ་ཁུ་དམ་འཛིན་གྱི་ཁྲིམས་ལུགས་ཚུ་ ཆ་མེད་བཏང་ནི་གི་དོན་ལས་མེན་ཟེར་ བཀོད་དེ་འདུག

འདི་ཡང་ ད་རེས་ཀྱི་ གྲོས་འདེབས་ཕུལ་མི་འདི་ ཏམ་ཁུ་བཙོང་ཆོག་པའི་ གྲོས་འདེབས་མ་གཏོགས་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་ཀྱི་ གཞན་མི་དགོངས་དོན་ཚུ་ ཨ་རྟག་ག་ཨིནམ་སྦེ་རང་ སྡོད་འོང་ཟེར་ཨིན་མས།

ད་རེས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ གྲོས་འདེབས་འདི་ལུ་ རྒྱབ་སྐྱོར་ཕུལ་ཡོདཔ་ཨིན་རུང་ འཕྲལ་གྱི་དོན་ལུ་རྐྱངམ་ཅིག་ཨིནམ་སྦེ་ཞུ་ཡི།

དཔྱད་ཡིག་འདི་ བསྐྱར་ཞིབ་ཀྱི་དོན་ལུ་ ཁྲིམས་བཟོའི་ཚོགས་ཆུང་ལུ་ སྤྲོད་དེ་ཡོདཔ་ད་ དཔྱད་ཡིག་འདི་ འཕྲལ་མཁོའི་དཔྱད་ཡིག་ཅིག་འབདཝ་ལས་ གཞའ་ཕུར་པའི་ཚེས་ ལྷག་ཐེངས་༣པའི་ ཚོགས་བཞུགས་ནང་ལུ་ ཚོགས་ཁང་ནང་ གསུང་གྲོས་གནང་ནི་ཨིན་མས།

ཁྲིམས་བཟོའི་ཚོགས་ཆུང་གི་ བྱ་སྒོའི་ལམ་ལུགས་དང་འཁྲིལ་བ་ཅིན་ འཕྲལ་མཁོའི་དཔྱད་ཡིག་འདི་ རྒྱལ་ཁབ་ནང་ལུ་ སྟབས་མ་བདེ་བའི་གནས་སྟངས་ཚུ་འཐོན་ཏེ་ གཞུང་གིས་ བར་འཛུལ་གྱི་ཐབས་ལམ་ཚུ་ བཏོན་དགོཔ་སྦེ་འཐོན་པའི་སྐབས་ལུ་ འཕྲལ་མཁོའི་དཔྱད་ཡིག་ཅིག་སྦེ་ ངོས་ལེན་འབད་དོ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ པདྨ་གསལ་སྒྲོན་ཚེ་རིང་། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube