གནམ་སྟོང་འཆར་གཞི་གི་དཔྱད་ཡིག་ དགུན་གྱི་ཚོགས་ཐེངས་ནང་ ཕུལ་ཚུགས་པའི་རེ་བ།

༉ ཞབས་ཏོག་ལྷན་ཁག་གིས་ འབྲུག་གི་གནམ་སྟོང་འཆར་གཞི་གི་དཔྱད་ཡིག་ ༢༠༡༩ ཅན་མ་འདི་ གནམ་དགུན་གྱི་ཚོགས་ཐེངས་ནང་ལུ་ གསུང་གྲོས་གནང་ནི་གི་དོན་ལས་ ཕུལ་ཚུགས་པའི་རེ་བ་སྐྱེདཔ་ཨིན་མས།

གནད་དོན་འདི་ཡང་ ད་རིས་ དམངས་རྩིས་ཚོགས་ཆུང་གིས་ དཔྱད་ཡིག་འདི་ གསུང་གྲོས་གནང་ནི་གི་དོན་ལུ་ ག་དེ་མགྱོགས་མགྱོགས་ ཕུལ་ཚུགས་པ་ཅིན་ཟེར་ རྒྱབ་སྣོན་ཕུལ་བའི་ཤུལ་མ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ཞུ་སྟེ་ཡོདཔ་ཨིན།

དཔྱད་ཡིག་འདི་ ལོ་༥ལྷགཔ་ཅིག་གི་ཧེ་མ་ལས་ ཟིན་བྲིས་བཏབ་ཚར་ཏེ་ཡོད་རུང་ ད་ལྟོ་ཚུན་ཚོད་ གསུང་གྲོས་གནང་མ་ཚུགས་པར་ ལུས་སོངཔ་ཨིན་མས།

དམངས་རྩིས་ཚོགས་ཆུང་གིས་ འབྲུག་གི་གནམ་སྟོང་འཆར་གཞི་གི་ དཔྱད་ཡིག་ལས་བརྟེན་ཏེ་ གཞི་ཆགས་འཆར་གཞི་གི་ལམ་ལུགས་ ཡོངས་རྫོགས་ཅིག་བཟོ་ནི་གི་དོན་ལུ་ གསུང་གྲོས་གནང་དགོ་པའི་ གྲོས་འདེབས་ཕུལ་ཏེ་ཡོདཔ་ཨིན།

དཔྱད་ཡིག་དེ་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ སྤྱིར་བཏང་དཔལ་འབྱོར་དང་ གོང་འཕེལ་གྱི་ལས་སྣ་ཚུ་ ཡུན་བརྟན་སྦེ་འགོ་འདྲེན་འཐབ་ནི་ནང་ཡང་ ཕན་ཐོགས་འབྱུང་ནི་ཨིན་མས།

ཞབས་ཏོག་བློན་པོ་རྡོ་རྗེ་ཚེ་རིང་གིས་ཞུ་མི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ དཔྱད་ཡིག་འདི་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་གནང་པའི་ཤུལ་མ་ ད་རེས་ གྲ་གྲིག་ཚུད་དེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ དཔྱད་ཡིག་འདི་ འབྲུག་གི་ས་དང་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་དང་ ས་གནས་གཞུང་གི་བཅའ་ཁྲིམས་བཟུམ་གྱི་ འབྲེལ་ཡོད་ཁྲིམས་ལུགས་ཚུ་དང་ མཐུན་སྒྲིག་བཟོ་དགོཔ་ཡོདཔ་སྦེ་ མཐོང་པའི་ཤུལ་ལུ་ཨིན་མས།

ཧེ་མ་ ང་བཅས་རྒྱང་བསྒྲགས་ཀྱིས་ ཕྱི་འབྲེལ་བློན་པོ་ དྲོག་ཊར་ རྟ་མགྲིན་རྡོ་རྗེ་དང་གཅིག་ཁར་ དྲི་ལན་འབད་བའི་སྐབས་ བློན་པོ་གིས་ དཔྱད་ཡིག་འདི་ གཞན་མི་ཁྲིམས་ལུགས་ཚུ་དང་ མཐུན་སྒྲིག་ཡོདཔ་སྦེ་བཟོ་བ་ཅིན་ འདི་གིས་ རྒྱལ་ཁབ་ནང་ལུ་ སྤྱིར་བཏང་གོང་འཕེལ་གྱི་ལས་སྣ་ཚུ་ ཚུལ་མཐུན་སྦེ་འགོ་འདྲེན་འཐབ་ནི་ཡོདཔ་ ངེས་བདེན་བཟོ་ནི་ནང་ ལྷན་ཐབས་འབྱུང་འོང་ཟེར་གསུང་སྟེ་ཡོདཔ་ཨིན།

ཁྲོམ་ཚོགས་འཆར་གཞི་བརྩམ་མི་ཚུ་དང་འཁྲིལ་པ་ཅིན་ དཔྱད་ཡིག་འདི་གིས་ ལྷན་ཁག་དང་རྫོང་ཁག་ཁྲོམ་སྡེ་ དེ་ལས་ ཡན་ལག་ཁྲོམ་སྡེ་དང་རྒེད་འོག་ཚུ་གི་ བཟོ་བཀོད་མ་འདྲཝ་ཚུ་གི་ འཆར་གཞི་ཚུ་བརྩམ་པའི་སྐབས་ རང་སོའི་དབང་ཆ་དང་ལཱ་འགན་ཚུ་ གསལ་ཏོག་ཏོ་སྦེ་ ཧ་གོ་ནི་ནང་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་མས།

ད་རེས་བཟུམ་ཅིག་འབད་བ་ཅིན་ བཟོ་བཀོད་ཀྱི་འཆར་གཞི་ཚུ་ ས་གནས་གཞུང་གི་བཅའ་ཁྲིམས་ལུ་ གཞི་བཞག་སྟེ་འབད་དོ་ཡོདཔ་ད་ འདི་ལུ་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ བཅའ་ཁྲིམས་འདི་ནང་ལུ་ དབང་ཆ་དང་ལཱ་འགན་ཚུ་གི་སྐོར་ལས་ གསལ་ཏོག་ཏོ་སྦེ་ འཁོད་དེ་མིན་འདུག་ཟེར་བཤད་ཅི།

དཔྱད་ཡིག་འདི་ གལ་གནད་ཅན་གྱི་ དཔྱད་ཡིག་ཅིག་འབདཝ་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་སྙན་ཞུ་༢༠༡༩ཅན་མའི་ནང་ལུ་ཡང་ ཞབས་ཏོག་ལྷན་ཁག་ལུ་ དཔྱད་ཡིག་འདི་ ག་དེ་མགྱོགས་མགྱོགས་ བསྐྱར་བཟོ་འབད་དགོ་པའི་ རྒྱབ་སྣོན་བཀོད་དེ་སྦེ་འདུག

གནས་ཚུལ་བསྡུ་ལེན་འབད་མི་ ཀརྨ་དབང་འདུས་དང་བསོད་ནམས་བསྟན་འཛིན། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube