སྒོ་ནོར་གྱི་སྡེ་ཚན་ལུ་བརྟེན་ མི་སེར་ཚུ་ལུ་ཕན་ཐོགས་དོ་ཡོདཔ།

༉ སྒོ་ནོར་ལས་ཁུངས་ཀྱིས་ འདས་པའི་ལོ་ངོ་བཅུ་ཕྲག་ལྔ་གི་ཧེ་མ་ལས་ སྒོ་ནོར་གྱི་སྡེ་ཚན་ གཞི་བཙུགས་འབད་དེ་ ཡར་དྲག་གཏང་ནི་ འགོ་བཙུགས་ནུག

འདི་ཡང་ སྒོ་ནོར་གསོ་སྐྱོང་འཐབ་མི་ ཆུང་ཀུ་ཚུ་ལུ་ ད་རེས་ནངས་པའི་དུས་དང་བསྟུན་ཏེ་ ལཱ་འབད་ནི་དང་ ཚོང་འབྲེལ་འཐབ་ནི་ལུ་ དམིགས་གཏད་སྐྱེད་དེ་ཡོདཔ་ཨིན་མས།

ད་རེས་ ལས་རིམ་འདི་ རེ་བ་སྐྱེད་དོ་བཟུམ་སྦེ་ར་འགྱོ་དོ་ཡོདཔ་ལས་ སྒོ་ནོར་གསོ་སྐྱོང་འཐབ་མི་ཚུ་གིས་ཡང་ སྒོ་ནོར་གསོ་སྐྱོང་ལུ་བརྟེན་ འཚོ་བ་ལེགས་ཤོམ་སྦེ་ར་ སྐྱོང་ཚུགས་ཏེ་ཡོདཔ་ཨིན།

པདྨ་དགའ་ཚལ་ ན་ནོང་རྒེད་འོག་ནང་ལས་ སྐྱེས་ལོ་༣༠་སོ་གྲངས་ནང་འབད་མི་ ཀརྨ་ཚེ་དབང་འདི་ སྒོ་ནོར་གྱི་ལཱ་ལུ་བརྩོན་ཤུགས་བསྐྱེད་དོ་ཡོདཔ་དང་ དེ་སྦེ་ སྒོ་ནོར་གྱི་ལཱ་འབད་མི་འདི་ཡང་ གཙོ་བོ་ཨོམ་གྱི་དོན་ལུ་ཨིནམ་དང་ ད་རེས་ ཁོ་ལུ་ བ་ཞོམ་༣འདུག

དེ་མ་ཚད་ ད་རེས་ ཁོ་ འུང་ཆི་ལུ་སྒོ་ནོར་སྡེ་ཚན་གྱི་ འཐུས་མི་ཅིག་འབདཝ་ལས་ ཁོ་གི་ མི་ཚེའི་གནས་སྟངས་འདི་ ལེགས་ཤོམ་སོང་ཡོདཔ་སྦེ་བཤད་ཅི།

ཀརྨ་གིས་ ཉིནམ་རེ་ནང་ ཨོམ་ལི་ཀྲར་༡༠དེ་རེ་བཞོ་སྟེ་ ཨོམ་ཚུ་ ཁོ་ར་སྡོད་ས་ལས་ ཀི་ལོ་མི་ཀྲར་༢དེ་ཅིག་གི་ས་ཁར་ ཨོམ་བཟོ་སྦྱོར་འཕྲུལ་ཁང་ནང་ལུ་ འབག་འགྱོཝ་ཨིན་མས།

འུང་ཆི་ལོ་སྒོ་ནོར་སྡེ་ཚན་འདི་ཡང་ ན་ཧི་སྤྱི་ཟླ་༤་པའི་ནང་ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ སྡེ་ཚན་འདི་གི་ཚོང་འབྲེལ་འདི་ ལེགས་ཤོམ་སྦེ་ར་འགྱོ་དོ་ཡོདཔ་ཨིན་མས།

མི་སེར་ཚུ་གིས་ ཨོམ་ཚུ་ བཟོ་སྦྱོར་ཁང་ནང་བསྐྱལ་བའི་ཤུལ་ འཕྲུལ་ཁང་འདི་ནང་ལས་བཏོན་མི་ ཐོན་སྐྱེད་ཚུ་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ཁྲིམ་ཁར་ བཙོངམ་ཨིན་མས།

པདྨ་དགའ་ཚལ་རྫོང་ཁག་ནང་ལུ་ སྒོ་ནོར་སྡེ་ཚན་༡༢དང་ འཐུས་མི་༥༠༠དེ་ཅིག་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ འཕྲིན་ལས་རྡོ་རྗེ། པདྨ་དགའ་ཚལ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube