མོང་སྒར་རྒྱལ་པོའི་ཞིང་ལུ་ ཆུའི་ལས་འགུལ་གྱི་ས་སླང་རྟེན་འབྲེལ།

༉ མོང་སྒར་རྫོང་ཁག་ རྒྱལ་པོའི་ཞིང་ རྒྱལ་ཡོངས་བདེ་སྲུང་ཞབས་ཏོག་ཆུའི་ལས་འགུལ་གྱི་ ས་སླང་རྟེན་འབྲེལ་འདི་ ཁ་ཙ་བརྩི་ཡོདཔ་ཨིན།

རྫོང་ཁག་འདི་ནང་ལུ་ རྒྱལ་ཡོངས་བདེ་སྲུང་ཞབས་ཏོག་ཆུའི་ལས་འགུལ་ འགོ་འདྲེན་འཐབ་མི་འདི་ ད་རེས་ ཐེངས་༢པ་ཨིནམ་ད་ འདི་ཡང་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་ཚུ་གི་ཕན་ཐབས་ལུ་དམིགས་ཏེ་ འཐུང་ཆུའི་མཐུན་རྐྱེན་ཚུ་ བརྐྱབ་བྱིན་ནི་གི་དོན་ལུ་ཨིན་མས།

ལས་འགུལ་འདི་ནང་ལུ་ ཆུ་མཛོད་ཁང་གཉིས་བརྐྱབ་ནི་དང་ ཀི་ལོ་མི་ཀྲར་༡༡འབད་མི་ ཆུ་དུང་བཙུགས་ནི་ དེ་ལས་ མེ་བསད་ནི་གི་འཕྲུལ་ཆས་ཚུ་བཙུགས་ནི་ཨིན་མས།

ལས་འགུལ་འདི་ཡང་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་སྐྱེདཔ་ཨིན་མས།

མོང་སྒར་རྫོང་བདག་ ཨྱོན་བསོད་ནམས་དང་འཁྲིལ་བ་ཅིན་ ཆུའི་ལས་འགུལ་འདི་གིས་ རྒྱལ་པོའི་ཞིང་ལུ་ ལཱ་འབད་སྡོད་མི་ མི་སྟོང་ཕྲག་༣་དེ་ཅིག་ལུ་ ཕན་ཐོགས་ཚུགས་ཟེར་བཤད་ཅི།

འདི་མ་ཚད་ གནམ་བྱཱ་ལུ་ཡང་ འཐུང་ཆུ་གཙང་ཏོག་ཏོ་སྦེ་ ཐོབ་ཚུགས་ཟེར་ཨིན་མས།

མ་དངུལ་ས་ཡ་༣༧་ལྷགཔ་ཅིག་གནས་པའི་ ལས་འགུལ་འདི་ནང་ལུ་ བདེ་སྲུངཔ་༩༠་དེ་ཅིག་གིས་ གྲལ་ཁར་གཏོགས་དོ་ཡོདཔ་ད་ ལས་འགུལ་འདི་མཇུག་བསྡུ་བའི་ཤུལ་ རྫོང་ཁག་བདག་སྐྱོང་ལུ་ རྩིས་སྤྲོད་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ བསོད་ནམས་ཚེ་རིང་། མོང་སྒར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube