ད་ལས་ཕར་ རྒྱལ་ཁབ་ནང་ལུ་ ནང་བཟོ་གི་ཚོང་ལཱ་འགོ་བཙུགས་ནི་འདི་ འཇམ་ཏོང་ཏོ་སྦེ་འབད་ཚུགས་ནི་ཨིན་མས།

༉ རྒྱལ་ཁབ་ནང་ལུ་ ད་ལས་ཕར་ ནང་བཟོ་གི་ཚོང་ལཱ་འགོ་བཙུགས་ནི་འདི་ འཇམ་ཏོང་ཏོ་སྦེ་འབད་ཚུགས་ནི་ཨིནམ་ད་ འདི་ཡང་ བསྟན་རྒྱས་ལྷན་ཁག་གིས་ ད་རིས་ ནང་བཟོ་ཚོང་ལཱ་ཀྱི་ཐོ་བཀོད་ཀྱི་ཡོངས་འབྲེལ་དང་ འདི་གི་ལམ་སྟོན་འདི་ཡང་ གསར་སྟོན་འབད་ཡོདཔ་ཨིན།

ད་རུང་ ལྷན་ཁག་འདི་གིས་ ཚོང་ལཱ་འབད་ནི་གི་དང་འདོད་ཡོད་མི་ཚུ་ལུ་ ཚོང་ལཱ་འདི་ནང་ ཁག་ཆེ་བའི་མཐུན་རྐྱེན་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ཧ་གོ་ཚུགས་པའི་ གནས་སྡུད་ཅིག་ཡང་ གསར་སྟོན་འབད་ནུག

འདི་འབདཝ་ལས་ ཚོང་ལཱ་འདི་ ཇི་ཀྲུ་བི་ཟེར་མི་ཡོངས་འབྲེལ་ནང་ལུ་ ཐོ་བཀོད་འབད་བའི་ཤུལ་ལུ་ འགོ་བཙུགས་ཚུགས་ནི་ཨིན་མས།

ཧེ་མའི་ལམ་ལུགས་དང་འཁྲིལ་བ་ཅིན་ ཚོང་ལཱ་འདི་འབད་བའི་སྐབས་ ཡིག་ཆ་དང་འབྲེལ་བའི་ ལཱ་མང་སུ་འབད་དགོཔ་ཐོན་དོ་ཡོད་རུང་ ད་རེས་ཀྱི་ལམ་ལུགས་གསརཔ་དང་འཁྲིལ་བ་ཅིན་ ཡོངས་འབྲེལ་ནང་ལུ་ ཐོ་བཀོད་འབདཝ་ཅིག་རང་ ཚོང་ལཱ་འདི་འབད་ཚུགས་ནི་ཨིན་མས།

འདི་ཡང་ ཧེ་མ་ཚོང་ལཱ་འདི་གི་དོན་ལུ་ ཆོག་ཐམ་ལེན་དགོཔ་ཡོདཔ་ཨིན་རུང་ ད་ལས་ཕར་ ཐོ་བཀོད་ཀྱི་ལག་ཁྱེར་འདི་གིས་ བཏུབ་ནི་ཨིན་མས།

ཐོ་བཀོད་འདི་ཡང་ ལམ་སྟོན་འདི་དང་འཁྲིལ་ཏེ་ དུས་ཡུན་སྐར་མ་༥ དེ་ཅིག་གི་ནང་འཁོད་ལུ་ འཇམ་ཏོང་ཏོ་སྦེ་ འབད་ཚུགསཔ་ཨིན་མས།

 བསྟན་རྒྱས་བློན་པོ་ ལོག་ནཱད་ཤར་མ་གིས་གསུངས་མི་ནང་ ཐོ་བཀོད་འབད་བའི་སྐབས་ལུ་ འཐུས་སྤྲོད་མ་དགོ་པའི་ཁར་ ལག་ཁྱེར་འདི་ཡང་ ལོ་གསུམ་གྱི་རིང་ལུ་ བསྐྱར་གསོ་འབད་མི་དགོ་ཟེར་ཨིན་མས།

འདི་བཟུམ་སྦེ་ གནས་སྡུད་ཀྱི་ལམ་ལུགས་གསརཔ་འདི་གིས་ ཚོང་ལཱ་འབད་མི་ཚུ་ལུ་ ཚོང་ལཱ་འགོ་བཙུགས་པའི་སྐབས་ལུ་དགོ་པའི་ ཅ་ཆས་ཚུ་གི་སྐོར་ལས་ གནས་སྐབས་ཚུ་ཐོབ་ཚུགས་ནི་ཨིནམ་མ་ཚད་ ཚོང་གི་ཅ་ཆས་ཚུ་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་གཉིས་ཆ་ར་ལས་ ཚོང་འབྲེལ་འཐབ་ཚུགས་ནི་ཨིན་མས།

ལྷན་ཁག་དང་འཁྲིལ་བ་ཅིན་ ད་རེས་ཀྱི་ལམ་ལུགས་གསརཔ་འདི་ རྒྱལ་ཁབ་ནང་གི་ ཚོང་འབྲེལ་ལས་སྡེ་ག་ར་ནང་ལུ་ འགོ་བཙུགས་ནི་ཨིནམ་ད་ འདི་ཡང་ ད་རེས་ ཆོག་ཐམ་ཡོད་མི་ཚུ་གི་ ཁོང་གི་ཆོག་ཐམ་གྱི་གནས་ཡུན་ཚངམ་ཅིག་ ཡོངས་འབྲེལ་ནང་ལུ་ ཐོ་བཀོད་འབད་དེ་ ལག་འཁྱེར་འདི་ ལེན་དགོཔ་སྦེ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube