བསམ་རྩེ་ཁྲོམ་ཁར་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ།

༉ བསམ་རྩེ་ བཀྲ་ཤིས་ཆོས་གླིང་ལུ་ ཁ་ཙ་ གནསམོ་དང་མོ་གི་རྨགཔ་ བདེ་སྲུངཔ་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཀྲིན་ཐོབ་སྟེ་ཡོདཔ་སྦེ་ བརྟག་དཔྱད་བྱུང་བའི་ཤུལ་ལུ་ བསམ་རྩེ་ཁྲོམ་དང་ བཀྲིས་ཆོས་གླིང་དང་བསྟན་འབྲུག་ དེ་ལས་ སྒོམ་དཀྲུ་དང་ ནོར་བུ་སྒང་ལུ་ཡོད་པའི་ ཁྲོམ་ཆུང་ཀུ་ཚུ་ནང་ལུ་ འགྲོ་འགྲུལ་བཀག་དམ་འབད་དེ་ཡོདཔ་ཨིན།

འདི་དང་གཅིག་ཁར་ བཀྲ་ཤིས་ཆོས་གླིང་ལུ་ ནད་ཡམས་འཐོན་ཡོད་པའི་ས་གོ་ བེལ་བོ་ཊེ་ཟེར་ས་དང་ འདི་གི་མཐའ་འཁོར་གྱི་ས་གནས་ཚུ་ནང་ མི་མང་བརྟག་དཔྱད་འགོ་འདྲེན་འཐབ་སྟེ་ དཔེ་ཚད་༦༠༠ ལྷགཔ་ཅིག་ བསྡུ་སྟེ་ཡོད་མི་ཚུ་ ད་རིས་ཕྱི་རུ་ ཕུན་ཚོགས་གླིང་ལུ་སྦེ་ བརྟག་དཔྱད་འབད་ནི་ཨིན་མས།

ཁ་ཙ་ཕྱི་རུ་ ཁོང་ནང་ཚན་༢ ལུ་ ཨེཎ་ཊི་ཇཱན་གྱི་བརྟག་དཔྱད་འབདཝ་ད་ ནད་འབུཔ་འཐོབ་སྟེ་ཡོདཔ་སྦེ་ འཐོན་པའི་ཤུལ་ལུ་ དཔེ་ཚད་བསྡུ་སྟེ་ ཨར་ཊི་པི་སི་ཨར་གྱི་བརྟག་དཔྱད་འབདཝ་ད་ ནད་ཡམས་འཐོབ་ཡོདཔ་སྦེ་ གཏན་འཁེལ་སོང་ཡོདཔ་ལས་ ཁོང་༢ དང་གཅིག་ཁར་ འབྲེལ་བ་ཡོད་མི་ མི་ངོམ་༢༠༠ ལྷགཔ་ཅིག་ ཁ་ཙ་ཕྱི་རུ་ར་ འཚོལ་ཡོདཔ་ཨིན་མས།

ང་བཅས་ཀྱི་གནས་ཚུལ་བསྡུ་ལེན་འབད་མི་ ཤེས་རབ་རྡོ་རྗེ་གིས་སླབ་མི་ནང་ ཁོ་ལུ་ བརྡ་དོན་བྱིན་མི་ཚུ་གིས་འབད་བ་ཅིན་ ཨམ་སྲུ་འདི་གི་རྨགཔ་ བདེ་སྲུངཔ་འདི་ སྒྲིག་གཡོག་རྒྱུགས་ས་ལས་ ཁྱིམ་ནང་འགྱོ་བའི་སྐབས་ ནད་རྟགས་ཚུ་ག་ནི་ཡང་མེད་ཟེར་ཨིན་རུང་ ཁྱིམ་ནང་ལས་ ལོག་འོང་པའི་བསྒང་ལས་ མགུ་ཏོ་ནཝ་མས་ཟེར་བའི་ ལོ་རྒྱུས་སླབ་དེ་ཟེར་ཨིན་མས།

ཨམ་སྲུ་འདི་ཨིན་པ་ཅིན་ ཤུགས་སྦེ་ར་ནཝ་ལས་བརྟེན་ གཟའ་ལྷགཔ་གི་ཚེ་ལས་ བེལ་བོ་ཊེ་ལུ་ཡོད་པའི་ ཁོང་རའི་ ཟ་ཁང་དང་ཆང་ཁང་འདི་ར་ སྒོ་ཕྱི་མ་ཚུགས་པས་ཟེར་ཨིན་མས།

ད་རིས་ མི་མང་བརྟག་དཔྱད་འབད་ས་ལས་ ཁོང་ནང་ཚན་༢ དང་གཅིག་ཁར་ ཐད་ཀར་གྱི་འབྲེལ་བ་ཡོད་མི་༡༡༥ གི་ དཔེ་ཚད་ཚུ་ ད་རིས་ཕྱི་རུ་ཁམས་ཆུ་ཚོད་༣ དེ་ཅིག་ཁར་ ཕུན་ཚོགས་གླིང་ལུ་བཏང་ཡོདཔ་སྦེ་ཨིན་མས།

འགྲོ་འགྲུལ་བཀག་དམ་འབད་མི་དང་འབྲེལ་ རྫོང་ཁག་ཀཱོ་ཝིཌ་ནའི་ཊིན་ལས་བྱེད་ཚོགས་ཆུང་གིས་ ནང་འདྲེན་དང་ཕྱིར་ཚོང་ཚུ་ག་ར་ མཚམས་འཇོག་འབད་དེ་ཡོདཔ་མ་ཚད་ ཟུར་བཞག་མཐུན་རྐྱེན་གྱི་དོན་ལུ་ ཐོ་བཀོད་འབད་ནི་འདི་ཡང་ མཚམས་འཇོག་འབད་དེ་འདུག

ཨིན་རུང་ རྒེད་འོག་གཞན་ཚུ་ནང་ ཅ་རྣམ་གྱི་ཚོང་ཁང་ཚུ་ སྒོ་ཕྱི་བཅུག་སྟེ་ཡོད་པའི་ཁར་ མི་ཚུ་ཡང་ ཕར་ཚུར་འགྱོ་བཅུག་དོ་ཡོདཔ་ཨིན་རུང་ རྒེད་འོག་ཅིག་ལས་རྒེད་འོག་གཞན་ཁར་འགྱོ་ནི་དང་ བསམ་རྩེ་ཁ་ཐུག་འོང་མི་དང་ བསམ་རྩེ་ལས་འགྱོ་མི་ཚུ་ ལོག་སྟེ་གསལ་བསྒྲགས་མ་འབད་ཚུན་ཚོད་ བཀག་ཆ་འབད་དེ་འདུག

གནས་ཚུལ་བསྡུ་ལེན་པ་ ཤེས་རབ་རྡོ་རྗེ། བསམ་རྩེ།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube