འཛམ་གླིང་ནང་ལུ་ ནད་འབུཔ་ཀོ་རོ་ན་ཝའི་རཱས་ཐོབ་མི་ ས་ཡ་༡༠༠ལུ་ལྷོད་དོ་ཡོདཔ།

འདས་པའི་ཟླཝ་དག་པ་ཅིག་གི་ནང་ལུ་ རྒྱལ་ཁབ་མང་ཤོས་ཅིག་ནང་རང་ ནད་འབུཔ་ཀོ་རོ་ན་ཝའི་རཱས་ འཕྱེལ་འགྱོ་སྟེ་ཡོདཔ་ལས་ འཛམ་གླིང་ནང་ལུ་ ནད་འབུཔ་ཀོ་རོ་ན་ཝའི་རཱས་ཐོབ་མི་གི་གྱངས་ཁ་འདི་ ཡུདཔ་ཅིག་ས་ཡ་༡༠༠ལུ་ ལྷོད་དོ་ཡོདཔ་སྦེ་ཨིན་མས།

ཡུ་ཨེས་ལུ་ཡོད་པའི་ ཇོ་ཧོན་ཧོབསི་ཀིན་གཙུག་ལག་སློབ་སྡེ་དང་འཁྲིལ་བ་ཅིན་ ནད་འབུཔ་འདི་ལས་བརྟེན་ཏེ་ ད་ལྟོ་ཚུན་ཚོད་ མི་ས་ཡ་༢ལྷགཔ་ཅིག་ལུ་ ཤི་རྐྱེན་འབྱུང་སྟེ་ཡོདཔ་སྦེ་ཨིན་མས།

འདི་གི་ནང་ལས་ ཡུ་ཨེས་ལུ་ མི་ས་ཡ་༢༤ལྷགཔ་ཅིག་ལུ་ ནད་ཡམས་ཐོབ་སྟེ་ཡོད་ས་ལས་ མི་འབུམ་༤ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་སྟེ་ཡོདཔ་ལས་ འཛམ་གླིང་ནང་ལུ་ མཐོ་ཤོས་ཅིག་སྦེ་ཐོན་ཏེ་འདུག

འདི་བཟུམ་སྦེ་ རྒྱ་གར་ལུ་ ནད་ཡམས་འདི་ མི་ས་ཡ་༡༠ལྷགཔ་ཅིག་ལུ་ཐོབ་སྟེ་ཡོདཔ་ལས་ ཡུ་ཨེས་ཀྱི་འོག་ལས་རང་ ཚུད་དོ་ཡོདཔ་ཨིན་མས།

ཨིན་རུང་ རྒྱ་གར་ལུ་ ན་ཧིང་ སྤྱི་ཟླ་༩པའི་ནང་ལས་ ཉིན་བསྟར་ཞིན་ ནད་འབུཔ་ཀོ་རོ་ན་ཝའི་རཱས་ཐོབ་མི་འདི་ མར་ཕབ་སོང་ཡོདཔ་མ་ཚད་ སྨན་ཁབ་བཙུགས་ནི་གི་ལས་རིམ་ཡང་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།

དེ་ལས་ རྒྱ་གར་གྱི་ཤུལ་ལས་རང་ བར་ཟིལ་ལུ་ མི་ས་ཡ་༨ལྷགཔ་ཅིག་ལུ་ ནད་འབུཔ་ཐོབ་སྟེ་ཡོད་རུང་ ཤི་རྐྱེན་གྱི་ཐད་ཁར་ ཡུ་ཨེས་ཀྱི་འོག་ལས་རང་ ཚུད་དེ་འདུག

བར་ཟིལ་ལུ་ ད་ལྟོ་ཚུན་ཚོད་ མི་འབུམ་༢ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་སྟེ་ཡོདཔ་ཨིན།

འཛམ་གླིང་གསོ་བའི་ཚོགས་པ་དང་འཁྲིལ་བ་ཅིན་ ད་ལས་ཕར་ ཟླཝ་དག་པ་ཅིག་གི་ནང་ལུ་ ནད་འབུཔ་འདི་ འཕྲོ་མཐུད་དེ་རང་ འཕྱེལ་འགྱོ་ནི་མས་ཟེར་ཨིན་མས།

ཨིན་རུང་ སྨན་ཁབ་ལེ་ཤ་ཅིག་རང་ བཙུགས་ནི་སྦེ་ཆ་འཇོག་འབད་དེ་ཡོདཔ་མ་ཚད་ རྒྱལ་ཁབ་༥༣གྱིས་ ཁབ་བཙུགས་ནི་གི་ལས་རིམ་ཡང་ འགོ་བཙུགས་ཏེ་ཡོདཔ་ཨིན།

རྒྱལ་ཁབ་མང་ཤོས་ཅིག་གིས་རང་ སྨན་ཁབ་འདི་ སྐྱེས་ལོ་༦༠ཡན་ཆད་དང་ གསོ་བའི་ལས་བྱེདཔ་ དེ་ལས་ ནད་གཞི་ཡོད་མི་ཚུ་ལུ་བཙུགས་ནི་ནང་ གཙོ་རིམ་སྒྲིག་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ བསྒྱུར་བཅོས་འགྱོ་སྟེ་ཡོདཔ་སྦེ་བཤད་མི་ ནད་འབུཔ་ཀོ་རོ་ན་ཝའི་རཱས་འདི་ འཕྱེལ་འགྱོ་དོ་ཡོདཔ་ལས་ རྒྱལ་ཁབ་མང་ཤོས་ཅིག་གིས་རང་ འགྲོ་འགྲུལ་བཀག་དམ་དང་ གཞན་མི་བཀག་དམ་གྱི་ལས་རིམ་ཚུ་ ལོག་སྟེ་རང་ འགོ་བཙུགས་དོ་ཡོདཔ་སྦེ་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དཔལམོ།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube