གཟའ་ལྷག་པ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༡༩

ཧི་རོ་ཨའི་ལིག་ནང་ལུ་ འབྲུག་པའི་སློབ་སྟོན་པ་དང་ རྐང་རྩེདཔ།

སྤྱི་ཟླ་༡ པའི་ཚེས་ ༩ ༢༠༢༡

རྒྱ་གར་གྱི་ ཧི་རོ་ཨའི་ལིག་ཟེར་མི་ རྐང་རྩེད་འགྲན་བསྡུར་ནང་ལུ་ བཙན་སྐྱོགས་རྡོ་རྗེ་གིས་འགོ་ཁྲིད་འབད་མི་ སུ་དི་ཝ་དི་ལི་ཨེཕ་སི་ཟེར་མི་རྐང་རྩེད་སྡེ་ཚན་འདི་ ད་ཅི་ཉི་མ་ རྩེད་འགྲན་འགོ་དང་པ་རྩེད་བའི་སྐབས་ ཕམ་སོང་ཡི།

སུ་དི་ཝ་དི་ལི་ཨེཕ་སི་གིས་ མོ་ཧ་མ་དཱན་ཨིས་པོརཊ་ཊིང་ཀལཔ་ཟེར་མི་ རྐང་རྩེད་སྡེ་ཚན་དང་ཅིག་ཁར་ རྩེད་འགྲན་འབད་བའི་སྐབས་ མོ་ཧ་མ་དཱན་ཨིས་པོརཊ་ཊིང་ཀལཔ་གིས་ གཱོལ་གཅིག་བཙུགས་ཏེ་ཡོད་རུང་ བཙན་སྐྱོགས་རྡོ་རྗེ་གི་སྡེ་ཚན་གྱིས་ གཱོལ་གཅིག་ཡང་བཙུགས་མ་ཚུགསཔ་ཨིན།

འབྲུག་རྒྱལ་ཁབ་ནང་ལས་ ཕྱིའི་རྒྱལ་ཁབ་ནང་ལུ་ རྐང་རྩེད་ཀྱི་སློབ་སྟོན་པ་སྦེ་འགྱོ་མི་འདི་ འགོ་དང་པ་རང་ བཙན་སྐྱོགས་རྡོ་རྗེ་ཨིན་མས།

འདི་བཟུམ་སྦེ་ འགྲན་བསྡུར་འདི་ནང་ལུ་ བཙན་སྐྱོགས་རྒྱལ་མཚན་གྱིས་ རའུངཊ་ག་ལཱས་པཱན་ཇཔ་ཨེཕ་སི་ཟེར་མི་ རྐང་རྩེད་སྡེ་ཚན་ནང་ལས་ རྩེད་འགྲན་འབད་ཡི།

རའུངཊ་ག་ལཱས་པཱན་ཇཔ་ཨེཕ་སི་ཟེར་མི་འདི་ ཧེ་མ་ མི་ནིར་ཝ་པཱན་ཇཔ་ཨེཕ་སི་ཟེར་མི་ རྐང་རྩེད་སྡེ་ཚན་འདི་ཨིན་མས།

རྩེད་འགྲན་གྱི་སྐབས་ལུ་ ཁོ་གི་སྡེ་ཚན་གྱིས་ ཨིས་ཝཱལ་ཨེཕ་སི་ཟེར་མི་རྐང་རྩེད་སྡེ་ཚན་ལུ་ གཱོལ་གཅིག་བཙུགས་ཏེ་སྦེ་ རྒྱལ་ཁ་ཐོབ་ཅི།

བཙན་སྐྱོགས་རྒྱལ་མཚན་གྱིས་ རྐང་རྩེད་སྡེ་ཚན་འདི་དང་ཅིག་ཁར་ ལོ་གཉིས་ཀྱི་རིང་རྩེད་ནི་སྦེ་ ན་ཧིང་ སྤྱི་ཟླ་༡༠པའི་ནང་ལུ་ ཁ་འཆམ་འབྱུང་སྟེ་འདུག

ཨའི་ལིག་ཟེར་མི་ རྐང་རྩེད་འགྲན་བསྡུར་འདི་ཡང རྒྱ་གར་ལུ་ ཡོངས་གྲགས་ཅན་གྱི་ རྐང་རྩེད་འགྲན་བསྡུར་༢ཡོད་ལས་ གཅིག་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ ཤེས་རབ་རྡོ་རྗེ།