འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ཁས་བླངས་པ་ཚུ་གིས་ ད་རུང་རང་ རྒྱབ་སྐྱོར་འབད་བར་ གདོང་ཁར་ཐོན་ཏེ་ཡོདཔ།

༉ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱིས་ ད་རུང་རང་ འགྲོ༌འགྲུལ་བཀག་དམ་གྱི་སྐབས་ལུ་ ཁས་བླངས་ཀྱི་ཞབས་ཏོག་ཕུལ་ནི་གི་དོན་ལས་ གདོང་ཁར་ཐོན་ཏེ་འདུག

འདི་འབདཝ་ལས་ སྡེ་ཚོགས་འདི་གི་ཁས་བླངས་པ་ཚུ་གིས་ ད་རེས་ནངས་པར་ སྨན་ཁང་ནང་ལས་ སྨན་བསྐྱེལ་ནི་དང་ ནདཔ་ཚུ་སྨན་ཁང་ནང་ལུ་བསྐྱེལ་ནི་དང་ལེན་ནི་ནང་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་མས།

ཐིམ་ཕུག་ལུ་འབད་བ་ཅིན་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ནང་ལས་ ཁས་བླངས་ཀྱི་ཞབས་ཏོག་འབྱིན་མི་ གླ་འཁོར་དེད་གཡོདཔ་༦༠འདུག

ཁོང་ཆ་ཁྱབ་ཀྱིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་སྨན་ལེན་ཞིན་ན་ ནདཔ་སྡོད་ས་ལུ་ བསྐྱེལ་ནི་གི་མ་ཚད་པར་ ནདཔ་སྨན་ཁང་ནང་ལུ་བསྐྱེལ་ནི་དང་ལེན་ནི་ དེ་ལས་ གསོ་བའི་ལས་བྱེདཔ་ཚུ་བསྐྱེལ་ནི་གི་ ཞབས་ཏོག་ཚུ་ཡང་འབྱིན་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཁོང་ཁས་བླངས་པ་ཆ་ཁྱབ་ཀྱིས་ ནདཔ་བསྐྱེལ་ནི་དང་ལེན་ནི་གི་ཞབས་ཏོག་འདི་ ཐིམ་ཕུག་གི་ཕྱི་ཁར་ བསམ་རྩེ་དང་དགེ་ལེགས་ཕུག་བཟུམ་ནང་ལུ་ཡང་ ད་ལྟོ་ཚུན་ཚོད་ ནདཔ་དང་ནད་གཡོགཔ་༢༠ལྷགཔ་ཅིག་ བསྐྱལ་ཡོདཔ་ཨིན་མས།

ཁོང་ཁས་བླངས་པ་ཚུ་གིས་ ནདཔ་བསྐྱེལ་ནི་དང་ལེན་ནི་གི་ཞབས་ཏོག་འདི་ཡང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ བརྒྱུད་འཕྲིན་ཨང་༡༠༡༠གི་བཀོད་རྒྱ་དང་འཁྲིལ་ཏེ་ འབྱིན་དོ་ཡོདཔ་ཨིན་མས།

འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ཡོངས་ཁྱབ་དྲུང་ཆེན་ དགྲ་རྒྱལ་བསྟན་འཛིན་རྡོ་རྗེ་གིས་སླབ་མི་ནང་ ཕྱི་ཁའི་ནདཔ་ཚུ་བསྐྱལ་བར་འགྱོ་བའི་སྐབས་ལུ་ ཁས་བླངས་པ་ཚུ་གིས་ ཁོང་རའི་གླ་འཁོར་རང་བདའ་འགྱོ་སྟེ་ཡོདཔ་མ་ཚད་ ཉི་མའི་ལྟོ་ཡང་ ནདཔ་དང་ནད་གཡོགཔ་གཉིས་ཆ་ར་ལུ་རྩིས་རྐྱབ་སྟེ་ འབག་འགྱོ་དོ་ཟེར་བཤད་ཅི།

ད་རུང་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ཁས་བླངས་པ་སྡེ་ཚན་གཞན་མི་ཅིག་གིས་ ཐིམ་ཕུག་ ཧེ་ཇོ་གི་བདུར་ཁྲོད་ཁ་ལུ་ཡང་ ཕུངཔོ་མེ་སྦྱང་འབད་ནི་ནང་ལུ་ ཆ་རོགས་ཚུ་འབད་བའི་བསྒང་འདུག

ཁོང་ཆ་ཁྱབ་ཀྱིས་ འདས་པའི་བདུན་ཕྲག་གཉིས་ཀྱི་རིང་ལུ་ ཕུངཔོ་༣༠དེ་ཅིག་ མེ་སྦྱང་འབད་ནི་ནང་ རྒྱབ་སྐྱོར་ཚུ་འབད་ཡོདཔ་ཨིན་མས།

ད་རུང་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱིས་ མེ་སྦྱང་དང་དགེ་བ་དགེ་རྩ་ཚུ་སྒྲུབ་སྡོད་པའི་པའི་སྐབས་ ཐིམ་ཕུག་ལས་འགྱོ་མ་ཚུགས་པར་ལུས་མི་ མི་ངོམ་༤༠དེ་ཅིག་ཡང་ རྫོང་ཁག་ཚུ་ནང་ལས་ཕར་ བསྐྱེལ་འབྱིན་ནུག

ཐིམ་ཕུག་ལུ་འབད་བ་ཅིན་ ཁོང་འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ ཁས་བླངས་པ་ཚུ་གི་ཡིག་ཚང་ལྟེ་བ་འདི་ ད་རེས་གནས་སྐབས་ཅིག་ འབྱུང་གཞི་ན་སློབ་གྲྭ་ནང་ལུ་ གཞི་བཙུགས་འབད་དེ་འདུག

ཁོང་ཆ་ཁྱབ་ ཁས་བླངས་ཀྱི་ཞབས་ཏོག་ཕུལ་བར་མ་འགྱོ་བའི་ཧེ་མ་ ཉིནམ་ཨ་རྟག་རང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་སྒྲིག་གཞི་ལུ་གནས་དགོཔ་སྦེ་ དྲན་གསོ་འབད་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱིས་ ཁོང་ཁས་བླངས་པ་ཆ་ཁྱབ་ལུ་ ཉེན་སྲུང་གི་ཅ་ཆས་ཚུ་ ཀྲིག་ཀྲི་ཡོདཔ་བཟོ་དོ་ཡོདཔ་མ་ཚད་ གླ་འཁོར་ཚུ་ཡང་ ཕྱི་རུ་ཨ་རྟག་རང་ སྨན་ཆུ་བཏོར་བཅུག་སྟེ་འདུག

འདི་བཟུམ་སྦེ་ པདྨ་དགའ་ཚལ་ ངང་ལམ་ལུ་ཡང་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ཁས་བླངས་པ་ཚུ་གིས་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ མི་ཚུ་ལུ་ རྒྱགས་སྐལ་དང་མེ་རླུང་རྒྱ་ཛི་ཚུ་བསྐྱལ་ནི་ནང་ རྒྱབ་སྐྱོར་ཚུ་འབད་བའི་བསྒང་རང་འདུག

ཁས་བླངས་པ་གཅིག་འདི་ ངང་ལམ་ལས་ དཔེ་ཚད་ཚུ་ མོང་སྒར་དང་དགེ་ལེགས་ཕུག་ལུ་ བསྐྱེལ་ནི་ནང་ལུ་ཡང་ རྒྱབ་སྐྱོར་ཚུ་འབད་ནི་འདུག

པདྨ་དགའ་ཚལ་ ངང་ལམ་ཁྲོམ་ཁ་ལུ་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ནང་ལུ་ཐོ་བཀོད་འབད་མི་ ཁས་བླངས་པ་༡༢ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཀུན་ལེགས་སྒྲོལམ་དང་ འཕྲིན་ལས་རྡོ་རྗེ།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube