འབྲུག་བརྒྱུད་འཕྲིན་གྱིས་ ཕའིབ་ཇི་གི་ཞབས་ཏོག་ འགོ་འབྱེད་འབད་ཡོདཔ།

༉ འབྲུག་བརྒྱུད་འཕྲིན་གྱིས་ ད་རིས་ ཐིམ་ཕུག་དང་སྤ་རོ་ དེ་ལས་ ཕུན་ཚོགས་གླིང་གི་ ཁྲོམ་གྱི་ས་གོ་ཚུ་ནང་ཕའིབ་ཇི་གི་ཞབས་ཏོག་འདི་ འགོ་འབྱེད་འབད་ཡོདཔ་ཨིན།

རྒྱལ་ཁབ་ནང་ལུ་ བརྒྱུད་འཕྲིན་གྱི་ཞབས་ཏོག་བྱིན་མི་ ལས་སྡེ་༢ཆ་ར་གིས་ ཕའིབ་ཇི་གི་ཞབས་ཏོག་ འགོ་འབྱེད་འབད་དེ་ཡོདཔ་ལས་ མི་ཚུ་གིས་ ཞབས་ཏོག་འདི་གི་ ཁེ་ཕན་ཚུ་ སྤྱོད་ཚུགས་ནི་ཨིན་མས།

ད་རེས་ འབྲུག་བརྒྱུད་འཕྲིན་གྱི་ ཕའིབ་ཇི་གི་ཞབས་ཏོག་འདི་ ཝི་བོ་གི་འགྲུལ་འཕྲིན་དག་པ་ཅིག་ནང་རྐྱངམ་ཅིག་ ལཱ་འབད་བཏུབ་ནི་ཨིན་མས།

ལས་སྡེ་འདི་གི་ ཕའིབ་ཇི་ལས་འགུལ་གྱི་སྡེ་ཚན་གྱིས་བཀོད་མི་ནང་ ཞབས་ཏོག་འདི་ཨེ་པཱལ་དང་ སེམ་སྲུང་གི་ འགྲུལ་འཕྲིན་ཚུ་ནང་ཡང་ ལཱ་འབད་བཏུབ་སྦེ་བཟོ་ནིའི་དོན་ལུ་ ལས་སྡེ་འདི་ཚུ་དང་ཆ་ བདེ་ཐབས་སྒྲིག་པའི་བསྒང་ར་ཡོད་ཟེར་ཨིན་མས།

འདི་གི་ཤུལ་ལས་ ཨེ་པཱལ་གི་ཨའི་ཕཱོན་ཀྲུ་བའིལབ་གི་ཐོན་རིམ་ཚུ་དང་ དེ་གི་ཤུལ་ལས་འཐོན་མི་ཨའི་ཕཱོན་ཚུ་ དེ་ལས་ སེམ་སྲུང་གི་ གེ་ལེགས་སི་ཐོན་རིམ་ཚུ་དང་ གཞན་མི་ ཨེན་དྲོའིཌ་གི་འགྲུལ་འཕྲིན་ ལག་ལེན་འཐབ་མི་ཚུ་གིས་ ཕའིབ་ཇི་ གི་ཞབས་ཏོག་འདི་ སྤྱོད་ཚུགས་ནི་ཨིན་མས།

ཕའིབ་ཇི་འདི་ ད་ལྟོ་ཚུན་ཚོད་ ཡོངས་འབྲེལ་གྱི་རྒྱུན་ལམ་ཚུ་གི་གྲལ་ལས་ མགྱོགས་ཤོས་ཅིག་ཨིནམ་དང་ འདི་ཡང་ ཕོར་ཇི་གི་རྒྱུན་ལམ་དང་འཕྱདཔ་དང་ ཚར་༡༠གྱི་རྩིས་ མགྱོགས་སུ་ཡོདཔ་སྦེ་ཨིན་མས།

འབྲུག་བརྒྱུད་འཕྲིན་གྱིས་ རྒྱལ་ཁབ་ཀྱི་ས་གནས་གཞན་ཚུ་ནང་ ཕའིབ་ཇི་གི་ཞབས་ཏོག་འདི་ གོ་རིམ་སྦེ་བཙུགས་ནིའི་འཆར་གཞི་འདུག

རྒྱལ་ཁབ་ནང་ ཕའིབ་ཇི་གི་ཞབས་ཏོག་ འགོ་བཙུགས་མི་འདི་གིས་ ཚོང་དང་བཟོ་གྲྭ་ དེ་ལས་ མི་དམངས་ལས་སྡེ་ཚུ་ནང་ གསར་བཏོད་ཀྱི་གོ་སྐབས་ མང་སུ་འཐོན་པའི་རེ་བ་ཡོདཔ་ཨིན་མས།

ཕུརཔ་རྒྱལམོ། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube