བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ཚོགས་རྒྱན་བསྐྱུར་མི་ཚུ་གི་ བསམ་ལེན།

༉ བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེ་ནང་སྡོད་མི་ཚུ་གིས་ ཁོང་གི་ཁྲོམ་དཔོན་འདི་ ཉམས་མྱོང་གུར་གཞི་བཞག་སྟེ་ ཚོགས་རྒྱན་བསྐྱུར་ཏེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ཁ་ཙ་ ཁྲོམ་དཔོན་གསརཔ་གི་ གོ་གནས་ཀྱི་དོན་ལུ་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་ འཕྲིན་ལས་རྣམ་རྒྱལ་གྱིས་ ཁྲོམ་སྡེ་ཚོགས་པ་སྦེ་ ལོ་གསུམ་དེ་ཅིག་ཕྱག་ཞུ་ནུག

ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བསྐྱུར་མི་༦༠༠་ལྷགཔ་ཅིག་འཐོན་ས་ལས་ ཚོགས་རྒྱན་བརྒྱ་ཆ་༧༠་ལྷགཔ་ཅིག་ འཕྲིན་ལས་རྣམ་རྒྱལ་གྱིས་ཐོབ་ནུག

ཁོ་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་འདི་ཡང་ ཧེ་མ་ལས་ ཁྲོམ་སྡེའི་བདག་སྐྱོང་ནང་ལུ་ ཕྱག་ཞུ་ཡོད་པའི་ཁར་ ཁོ་གི་ ཁས་བླངས་གསལ་བསྒྲགས་ལུ་བལྟ་སྟེ་ མི་ཚུ་གིས་ རྒྱབ་སྐྱོར་འབད་དེ་ཡོདཔ་སྦེ་ཨིན་མས།

ཚོགས་རྒྱན་མཐོ་ཤོས་ཐོབ་མི་ འཕྲིན་ལས་རྣམ་རྒྱལ་གྱིས་སླབ་མི་ནང་ ཁོ་གིས་ བཙག་འཐུ་གྲུབ་འོང་ཟེར་ བློ་ བདེ་དཔག་པ་སྦེ་ར་ སྡོད་ཡི་ཟེར་བཤད་ཅི།

 ཁོ་གིས་ མི་ཚུ་ལུ་ དགོཔ་ཁག་ཆེཝ་སྦེ་ཡོད་མི་ཚུ་ མགྱོགས་སུ་ཅིག་སྦེ་ གྲུབ་བྱིན་ནི་གི་ ཁས་བླངས་འབད་ནུག

ཁས་བླངས་ཚུ་གི་གྲལ་ལས་ ཁྲོམ་ཁར་སྡོད་མི་ཚུ་གིས་ ཁྲོམ་དཔོན་གསརཔ་འདི་ལས་ རེ་བ་ཟེར་རུང་ དང་པ་རང་ ཁྲོམ་འདི་ནང་ འཐུང་ཆུའི་དཀའ་ངལ་འཐོན་ཏེ་ དུས་ཡུན་རིངམོ་སྦེ་རང་སོང་སྟེ་ཡོད་མི་འདི་ མགྱོགས་སུ་སྦེ་ སེལ་དགོཔ་འདི་ཨིན་མས།

འདི་དང་ཅིག་ཁར་ ཁྲོམ་དཔོན་གོ་གནས་ཀྱི་དོན་ལུ་ དོ་འགྲན་འབད་མི་ ཨྱོན་དབང་ཕྱུག་གིས་སླབ་མི་ནང་ ཁོ་གིས་ ཤུལ་མའི་བཙག་འཐུ་ནང་ལུ་ དོ་འགྲན་འབད་ནི་ཟེར་བཤད་ཅི།

ཁ་ཙ་ ཁྲོམ་དཔོན་གྱི་བཙག་འཐུ་དང་གཅིག་ཁར་ ཁྲོམ་སྡེ་ཚོགས་པ་༥་ཡང་ བཙག་འཐུ་འབད་དེ་ཡོད་རུང་ བར་འདེམས་ཁོངས་ནང་ལུ་ ཚོགས་པའི་འདེམས་ངོ་མ་ཐོནམ་ལས་ ཚོགས་པ་གི་བཙག་འཐུ་འབད་མ་ཚུགས་པས།

གཞན་མི་ཁྲོམ་སྡེ་གསུམ་དང་འཕྱདཔ་ད་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་བཙག་འཐུ་ ཕྱི་སུ་འབད་ འགོ་འདྲེན་འཐབ་དགོ་མི་འདི་ཡང་ སྤྱི་ལོ་༢༠༡༡་གི་བཙག་འཐུ་ནང་ལུ་ ཁྲོམ་དཔོན་གྱི་འདེམས་ངོ་འཐོན་མི་མེདཔ་ལས་ ཕར་བཤུལ་རྐྱབ་དགོཔ་ཐོན་ཏེ་ཡོད་ནི་འདི་གིས་ཨིན་མས།

 ཀུན་ལེགས་དབང་ཕྱུག གནས་ཚུལ་བསྡུ་ལེན་པ། བསམ་གྲུབ་ལྗོངས་མཁར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube