ཏིང་ཏི་སྦིས་ལུ་ མི་དམངས་ཀྱི་གསང་སྤྱོད་དགོཔ་ཡོདཔ།

༉ གསང་སྤྱོད་ཀྱི་མཐུན་རྐྱེན་ཚུ་ ལེགས་ཤོམ་དགོཔ་འདི་ ཁག་ཆེ་བའི་ཁར་ འདི་ལས་བརྟེན་ མིའི་ཚེ་སྲོག་ཡང་ ཉེན་སྲུང་འབད་ཚུགས་དོ་ཡོདཔ་ཨིན།

ཨིན་རུང་ གཞལ་སྒང་ ཏིང་ཏི་སྦིས་ཁྲོམ་ཁ་ལུ་ མི་དམངས་གསང་སྤྱོད་མེད་ནི་འདི་གིས་ འདི་ཁར་འོང་མི་ཆ་ཁྱབ་ ཚོང་ཁང་དང་ཟ་ཁང་ཚུ་ནང་ལས་ཕར་འགྱོ་ནི་དང་ ཡང་ཅིན་ ཆབ་གསང་བཏང་པར་ ཚལ་མ་ནང་ལས་ཕར་འགྱོ་ནི་ལས་བརྒལ་ ཐབས་ཤེས་གཞན་མེདཔ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ ཏིང་ཏི་སྦིས་ཁྲོམ་འདི་ ཧེ་མ་སྟོང་ཧ་ཧ་ཅིག་ཨིན་རུང་ ནད་ཡམས་འཐོན་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་རེས་ ཁྲོམ་འདི་ མི་ལེ་ཤཱ་ཅིག་རང་འོང་སའི་ ས་གོ་ཅིག་ལུ་འགྱུར་ཏེ་ཡོདཔ་ལས་ མི་དམངས་ཀྱི་གསང་སྤྱོད་ཅིག་དགོཔ་འདི་ ཁག་ཆེཝ་སྦེ་རང་ཡོད་ཟེར་བཤད་ཅི།

ད་རུང་ ཁོང་གིས་བཀོད་མི་ནང་ མི་དམངས་ཀྱི་གསང་སྤྱོད་མེད་པ་ཅིན་ ཆབ་གསང་གངམ་ད་ལུ་ བཟའ་ཁང་ནང་གི་གསང་སྤྱོད་ལག་ལེན་འཐབ་དགོཔ་ཐོན་དོ་ཡོད་རུང་ བཟའ་ཁང་ནང་ལུ་ བཞེས་སྒོ་ཚུ་མ་བཟའ་བ་ཅིན་ གསང་སྤྱོད་ལག་ལེན་འཐབ་པ་ལུ་ཡང་ གཡང་ཟཝ་མས་ཟེར་ཨིན་མས།

ཏིང་ཏི་སྦི་ཁྲོམ་འདི་ཁ་ལས་ མི་ཀྲར་༥༠དེ་ཅིག་གི་ས་ཁར་ མི་དམངས་གསང་སྤྱོད་རྙིངམོ་ཅིག་ཡོདཔ་ཨིན་རུང་ ད་རེས་ ལག་ལེན་འཐབ་མ་བཏུབ་ཐལ་ཏེ་ ཉམས་བཅོས་འབད་དགོཔ་སྦེ་ཡོདཔ་ཨིན་མས།

འདི་ལུ་ རྫོང་ཁག་ཁྲོམ་སྡེ་ཡིག་ཚང་གིས་བཀོད་མི་ནང་ ཁོང་གི་ཁ་ཐུག་ལས་ སང་ཕོད་སྤྱི་ཟླ་༦པའི་ནང་ ད་རེས་ཀྱི་རྩིས་ལོ་འདི་ མཇུག་མ་བསྡུཝ་ལས་ར་ གསང་སྤྱོད་གསརཔ་ཅིག་རྐྱབ་ནིའི་ལཱ་ཚུ་ འགོ་བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ཨིན་མས།

ཁོང་གིས་བཤད་མི་ནང་ གསང་སྤྱོད་གསརཔ་འདི་ ཁྲོམ་གྱི་སྦུག་ལུ་ར་ རྐྱབ་ནི་ཨིནམ་མ་ཚད་ དབང་པོ་སྐྱོན་ཅན་ཚུ་གིས་ཡང་ ལག་ལེན་འཐབ་ཚུགསཔ་སྦེ་འོང་ཟེར་ཨིན་མས།

གསོ་བའི་མཁས་མཆོག་ཚུ་གིས་བཀོད་མི་ནང་ གསང་སྤྱོད་ལེགས་ཤོམ་ཅིག་ཡོད་པ་ཅིན་ ནད་གཞི་དུག་དྲག་མང་ཤོས་ཅིག་རང་ཐོབ་ནི་ལས་ བཀག་ཚུགས་ཟེར་ཨིན་མས།

འདི་བཟུམ་སྦེ་ འཛམ་གླིང་གསོ་བའི་ཚོགས་པ་གིས་འབད་རུང་ གསང་སྤྱོད་ལག་ལེན་འཐབ་ནི་རྩིས་ཏེ་ གཙང་སྦྲ་ལེགས་ཤོམ་སྦེ་སྟོན་ཏེ་འབད་བ་ཅིན་ ཆབ་གསང་བཤལ་ནད་ལུ་བརྟེན་པའི་ ཤི་རྐྱེན་ འབུམ་༨དང་སྟོང་ཕྲག་༤༠ལྷགཔ་ཅིག་ བཀག་ཚུགས་ནི་མས་ཟེར་ ཕོ་ཚོད་དཔག་སྟེ་འདུག

ཏིང་ཏི་སྦིས་ཁྲོམ་འདི་ གཞལ་སྒང་ལས་ ཀི་ལོ་མི་ཀྲར་༣༥གི་ས་ཁར་ཨིན་མས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube