རྒྱལ་ཡོངས་ཀྱི་གནས་ཚད་ཁར་ ད་རེས་འགོ་དང་པ་ སློབ་རིམ་༣པའི་སློབ་ཕྲུག་ཚུ་ བརྟག་ཞིབ་འབད་དོ་ཡོདཔ།

༉ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་བརྟག་ཞིབ་ཚོགས་སྡེ་གིས་ ད་རེས་འགོ་དང་པ་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ སློབ་རིམ་༣པའི་སློབ་ཕྲུག་ཚུ་ བརྟག་ཞིབ་འབད་ནི་འགོ་བཙུགས་ཏེ་འདུག

བརྟག་ཞིབ་ཀྱི་ལས་རིམ་སྐབས་ལུ་ སློབ་ཕྲུག་ཚུ་གིས་ རྫོང་ཁ་དང་ཨིན་སྐད་ལྷག་ཐངས་དང་ རྩིས་ཀྱི་ནང་ལུ་ ག་དེ་སྦེ་འབད་ཚུགས་དོ་ག་བལྟ་དོ་ཡོདཔ་ཨིན་མས།

བརྟག་ཞིབ་ལས་རིམ་འདི་ཡང་ རྒྱལ་ཡོངས་ཤེས་རིག་དབྱེ་ཞིབ་ལས་འགུལ་གྱི་ལས་རིམ་འོག་ལུ་ འགྲོ་སོང་དངུལ་ཀྲམ་ས་ཡ་༣༥བཏང་ཞིན་ན་འགོ་འདྲེན་འཐབ་ཨིན་མས།

བརྟག་ཞིབ་འདི་ནང་ལུ་ གདམ་ཁ་རྐྱབ་སྟེ་ཡོད་མི་སློབ་གྲྭ་༡༨༤གི་ནང་ལས་ སློབ་ཕྲུག་༤༦༠༠ལྷགཔ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་མ་ཚད་ སློབ་དཔོན་དང་སློབ་དབུ་འཛིན་ དེ་ལས་ རྫོང་ཁག་དང་ཁྲོམ་སྡེའི་ཤེས་རིག་འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགསཔ་ཨིན་མས།

རྒྱལ་ཡོངས་ཤེས་རིག་དབྱེ་ཞིབ་ལས་རིམ་གྱི་ ལས་འགུལ་འཛིན་སྐྱོང་པ་ ཨར་ཇུན་ཀུ་མར་གུ་རུང་གིས་སླབ་མི་ནང་ གནས་སྡུད་འདི་གིས་ ཨ་ལུ་ཚུ་གི་ཀླད་པའི་གནས་ཚད་ཀྱི་སྐོར་ལས་ཤེས་ཚུགས་ནི་ནང་ ཕན་ཐོགས་ནི་ཨིནམ་མ་ཚད་  ཨ་ལུའི་བསམ་སྤྱོད་དང་བརྩི་མཐོང་གི་སྐོར་ལས་ཧ་གོ་ནི་ཡང་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་བཤད་ཅི།

སློབ་རིམ་༣པའི་སློབ་ཕྲུག་ཚུ་དབྱེ་ཞིབ་འབད་ནི་གི་ལས་རིམ་འདི་ཡང་ ཤུལ་མའི་ཟླཝ་ནང་ལུ་ མཇུག་བསྡུ་ནི་གི་ལས་རིམ་འདུག

རྒྱལ་ཡོངས་ཀྱི་གནས་ཚད་ཁར་ ཤེས་རིག་གི་དབྱེ་ཞིབ་ལས་རིམ་འདི་ སྤྱི་ལོ་༢༠༠༤ལས་ཚུར་ འགོ་འདྲེན་འཐབ་སྟེ་ཡོད་རུང་ དེ་བསྒང་ སློབ་རིམ་དྲུག་པ་གི་དོན་ལུ་རྐྱངམ་ཅིག་ འགོ་འདྲེན་འཐབ་ནུག

ཨིན་རུང་ དབྱེ་ཞིབ་ལས་རིམ་འདི་ནང་ལུ་ དེ་བསྒང་ འབྲུག་པའི་ཤེས་རིག་གི་ལམ་ལུགས་དང་འབྲེལ་བའི་གནད་དོན་ དབྱེ་ཞིབ་འབད་ནི་གི་ཞི་བཀོད་ཅིག་མེད་མི་དང་ མ་དངུལ་མ་ལང་པའི་གནད་དོན་ལས་བརྟེན་ཏེ་ བཤོལ་བཞག་དགོཔ་ཐོན་ཡོདཔ་ཨིན་མས།

འདི་འབདཝ་ལས་ ཤེས་རིག་ལྷན་ཁག་གིས་ ཞི་བཀོད་འདི་ ན་ཧིང་ གསར་བཏོན་འབད་དེ་འདུག

རྒྱལ་ཡོངས་ཤེས་རིག་དབྱེ་ཞིབ་ལས་རིམ་འདི་ སློབ་རིམ་༣པ་དང་དྲུག་པ་ དེ་ལས་ དགུ་པ་ནང་ལུ་ ལོ་གསུམ་གྱི་བར་ན་ ཚར་རེ་འགོ་འདྲེན་འཐབ་ནི་ཨིནམ་ད་ ཤུལ་མའི་ལས་རིམ་འདི་ སྤྱི་ལོ་༢༠༢༤ལུ་འགོ་འདྲེན་འཐབ་ནི་ཨིན་མས།

བརྟག་ཞིབ་ལས་རིམ་འདི་གི་གྲུབ་འབྲས་འདི་ སང་ཕོད་བཏོན་ནི་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube