ཕུན་ཚོགས་གླིང་ལུ་ ཁྲོམ་གོང་འཕེལ་གྱི་ལས་འགུལ་ ཕྱི་དོ་ཡོདཔ།

༉ ལས་མི་མ་ལང་པའི་ དཀའ་ངལ་ལས་བརྟེན་ཏེ་ ཕུན་ཚོགས་གླིང་ ཨ་མོ་ཆུ་བདའ་སྟེ་ ཁྲོམ་གོང་འཕེལ་ལས་འགུལ་གྱི་ལཱ་འདི་ ཕྱི་དོ་ཡོདཔ་ཨིན་མས།

ལས་འགུལ་འདི་ རྒྱལ་ཁབ་ནང་ལུ་ ཁྲོམ་གོང་འཕེལ་གྱི་ལས་འགུལ་ སྦོམ་ཤོས་ཅིག་ཨིནམ་ད་ འདི་ཡང་ ལས་འགུལ་འདི་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༢༡གནས་ནི་ཨིནམ་སྦེ་ ཚད་རྩིས་བཏོན་ཏེ་འདུག

ལས་འགུལ་འདི་ མཇུག་བསྡུ་བ་ལུ་ ལོ་༡༨འགོར་ནི་ཨིན་མས།

ལས་འགུལ་འདི་ཡང་ ས་ཆ་ཨེ་ཀར་༡༢༠༠དེ་ཅིག་ནང་ འབད་དོ་ཡོདཔ་ད་ ལས་འགུལ་འདི་ཡང་ སྤྱི་ལོ་༢༠༡༨སྤྱི་ཟླ་༡༡པའི་ནང་ལས་ འགོ་བཙུགས་ནུག

ཨིན་རུང་ ནད་ཡམས་ཀྱི་གནས་སྟངས་ལས་བརྟེན་ཏེ་ ལཱ་འཕྲོ་མཐུད་མ་ཚུགས་པར་ ལུས་སོངཔ་ཨིན་མས།

ཁྲོམ་གོང་འཕེལ་གྱི་ལས་འགུལ་གྱི་འོག་ལུ་ ས་གོ་དབྱེ་ཁག་༥ཡོདཔ་ད་ ད་རེས་ ས་གོ་དབྱེ་ཁག་༡གི་ནང་ལུ་རྐྱངམ་ཅིག་ ལཱ་འབདཝ་ཨིན་མས།

ད་རེས་ འབད་བའི་བསྒང་ཡོད་མི་ ས་གོ་དབྱེ་ཁག་༡པོ་གི་ གོང་འཕེལ་གྱི་ལཱ་འདི་ཡང་ སྤྱི་ལོ་༢༠༢༥ལུ་རྐྱངམ་ཅིག་ མཇུག་བསྡུ་ནི་སྦེ་ཡོདཔ་ཨིན་མས།

འདི་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༧གནས་ནི་ཨིནམ་སྦེ་ ཚོད་རྩིས་བཏོན་ཏེ་སྦེ་འདུག

ད་རེས་ ལས་འགུལ་འདི་ནང་ལུ་ རིག་རྩལ་ཡོད་པའི་ ལས་མི་བརྒྱ་ལྷགཔ་ཅིག་ཡོདཔ་ཨིན་མས།

འདི་འབདཝ་ལས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ ལྷོ་ཕྱོགས་ནད་ཡམས་ལས་བྱེད་ཚོགས་ཆུང་ལུ་ ལས་མི་མང་སུ་ཅིག་ འཁྱིད་ནི་གི་ ཡི་གུ་བཙུགས་ཏེ་སྦེ་འདུག

ད་རེས་ ཕྱིའི་ལས་མི་༥༠ཟུར་བཞག་ནང་ལུ་ཡོདཔ་ད་ ཁྲོམ་འདི་ནང་ ཟུར་བཞག་གི་མཐུན་རྐྱེན་ ཚད་ཅིག་ལས་བརྒལ་མེདཔ་ལས་ ལས་མི་ཚུ་ཡང་ ཚད་ཅིག་བ་བརྒལ་ འཁྱིད་འོང་མི་ཚུགས་པས་ཟེར་ཨིན་མས།

ལས་འགུལ་འདི་ཡང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ མ་དངུལ་རྒྱབ་སྐྱོར་འབདཝ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ བསོད་ནམས་དཔལ་འབྱོར། ཕུན་ཚོགས་གླིང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube