དར་ལ་གློག་མེ་འཕྲུལ་ཁང་ གཡོག་བཀོལ་མ་ཚུགས་པ་ཅིན་ གནམ་དགུན་ལུ་ གློག་ཤུགས་མ་ལང་པའི་དཀའ་ངལ་ཐོན་ནི།

༉ དར་ལ་གློག་མེ་ལས་འགུལ་འདི་ གནས་སྐབས་ཅིག་ གཡོག་མ་བཀོལ་བར་བཞག་དགོཔ་ཐོན་པ་ཅིན་ རྒྱལ་ཁབ་ནང་ལུ་ འོང་འབབ་གི་མ་དོ་བར་ གནམ་དགུན་ལུ་ གློག་ཤུགས་མ་ལང་པའི་དཀའ་ངལ་ཚུ་ཡང་ ཐོན་ནི་ཨིན་མས།

གནམ་དགུན་ལུ་ གཙང་ཆུ་ཚུ་ཞོབ་འགྱོ་བའི་ནམ་དུས་ལུ་ རྒྱལ་ཁབ་ནང་གི་ གློག་མེ་འཕྲུལ་ཁང་ཚུ་གིས་ གློག་ཤུགས་མེ་ག་ཝཊ་༤༡༠ལྷགཔ་ཅིག་བཏོན་ས་ལས་ གློག་ཤུགས་ མེ་ག་༡༩༠དེ་ཅིག་འདི་ དར་ལ་གློག་མེ་འཕྲུལ་ཁང་གིས་ བཏོན་དོ་ཡོདཔ་ཨིན་མས།

བསྟན་རྒྱས་ལྷན་ཁག་འོག་གི་ ཆུར་བརྟེན་གློག་ཤུགས་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་པི་རྡོ་རྗེ་གིས་སླབ་མི་ནང་ གློག་ཤུགས་མེ་ག་ཝཊ་༤༡༠ལྷགཔ་ཅིག་ལས་ བརྒྱ་ཆ་༧༠ལས་༧༥དེ་ཅིག་འདི་ བཟོ་གྲྭ་འཕྲུལ་ཁང་སྦོམ་༡༧དེ་ཅིག་གིས་ སྤྱོད་དོ་ཡོདཔ་ལས་ དར་ལ་གློག་མེ་འཕྲུལ་ཁང་འདི་ གཡོག་མ་བཀོལ་བར་བཞག་དགོཔ་ཐོན་སོང་རུང་ ཁྱིམ་ནང་ལས་ཕར་ གློག་མེ་མ་ལང་པའི་ སྟབས་མ་བདེཝ་མི་ཐོན་ཟེར་ཨིན་མས།

སྟེ་ ཡུན་བརྟན་གློག་མེ་གོང་འཕེལ་སྲིད་བྱུས་དང་འཁྲིལ་རུང་ གློག་མེ་ལང་མ་ཚུགས་པའི་གནས་སྟངས་ཤར་བའི་སྐབས་ལུ་ གློག་མེ་འདི་ དང་པ་རང་ ཁག་ཆེ་བའི་སྤེལ་ཁང་དང་ཞབས་ཏོག་ དེ་ལས་ ཁྱིམ་གུང་དང་སྤྱིར་བཏང་གི་ཚོང་འབྲེལ་ལུ་ བཀྲམ་སྤེལ་འབད་དེ་ འདི་གི་ཤུལ་ལས་རྐྱངམ་ཅིག་ བཟོ་གྲྭ་འཕྲུལ་ཁང་ཚུ་ལུ་ བཀྲམ་སྤེལ་འབད་དགོཔ་སྦེ་འདུག

ཨིན་རུང་ རྒྱ་གར་ལས་ གློག་མེ་ཚུ་ ནང་འདྲེན་འཐབ་མ་ཚུགས་པ་ཅིན་ འཕྲུལ་ཁང་ལ་ལུ་ཅིག་ སྒོ་སྡམ་བཞག་དགོ་པའི་གནས་སྟངས་ནང་ལུ་ཡང་ ཐུག་འོང་ཟེར་བཤད་ཅི།

སྟེ་ ཆུར་བརྟེན་གློག་ཤུགས་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་པི་རྡོ་རྗེ་གིས་སླབ་མི་ནང་ འབྲུག་རྒྱལ་ཁབ་ཀྱིས་ གནམ་དགུན་ལུ་ གློག་མེ་ལང་མ་ཚུགས་པའི་གནས་སྟངས་ཐོནམ་ད་ར་ རྒྱ་གར་ལས་ ནང་འདྲེན་འཐབ་སྟེ་རང་ཡོདཔ་ལས་ ད་རེས་ཡང་ རྒྱ་གར་གཞུང་ལུ་ ཞུ་བ་འབད་དེ་ཡོད་ཟེར་ཨིན་མས།

འདི་བཟུམ་སྦེ་ སྤྱི་ལོ་༢༠༠༦གི་ ཟུང་ཕྱོགས་ཆིངས་ཡིག་ནང་ལུ་འབད་རུང་ ག་དེ་ཅིག་འབད་ གློག་མེ་མ་ལང་པའི་དཀའ་ངལ་རེ་འབྱུང་པ་ཅིན་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འབད་ནི་སྦེ་ཡོདཔ་བཤད་ཅི།

ཨིན་རུང་ ད་རེས་ ནད་གཞི་ཀོ་ཝིཊ་ནའིན་ཊིན་ཐོན་སྡོད་པའི་ནམ་དུས་ལུ་ རྒྱ་གར་ལུ་ཡང་ གློག་མེ་མ་ལང་པའི་དཀའ་ངལ་ འབྱུང་ནི་བཟུམ་ཅིག་འདུག་ཟེར་ཨིན་མས།

རྒྱལ་སྤྱི་བརྡ་བརྒྱུད་ཚུ་དང་འཁྲིལ་བ་ཅིན་ རྒྱ་གར་ལུ་ ནད་འབུཔ་ཀོ་རོ་ན་ཝའི་རཱས་འཕྱེལ་འགྱོ་བའི་ཤུལ་ དཔལ་འབྱོར་ལེགས་ཤོམ་འགྱོ་ནི་འགོ་བཙུགས་ཡོདཔ་ལས་ གློག་ཤུགས་དགོ་འདོད་སྐྱེད་མི་འདི་ ཚར་ཅིག་གུ་ ཡར་སེང་སོང་ཡི་ཟེར་ཨིན་མས།

འདི་བཟུམ་སྦེ་ རྒྱ་གར་ལུ་ གློག་མེ་འདི་མང་ཤོས་ཅིག་རང་ རྡོ་སོལ་ལག་ལེན་འཐབ་སྟེ་བཏོན་ནི་འདི་གིས་ རྡོ་སོལ་བསག་བཞག་མི་ཚུ་ཡང་ ཡུདཔ་ཅིག་ རྫོགས་དོ་ཡོདཔ་སྦེ་ཨིནམས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube