འབྲུག་དང་རྒྱ་ནག་གི་བར་ན་ ས་མཚམས་ཀྱི་གསུང་གྲོས་འདི་ ལམ་སྟོན་སབ་ཁྲ་ ༣ གྱི་ཐོག་ལུ་ འགོ་འདྲེན་འཐབ་ནི་ཨིནམ།

༉ འབྲུག་དང་རྒྱ་ནག་གི་བར་ན་ ས་མཚམས་ཀྱི་གསུང་གྲོས་འདི་ ལམ་སྟོན་སབ་ཁྲ་ ༣ གྱི་ཐོག་ལུ་ མགྱོགས་པ་རང་ འགོ་འདྲེན་འཐབ་ནི་ཨིནམ་ད་ འདི་གི་དོན་ལུ་ ད་རིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཡོངས་འབྲེལ་གྱི་ཐོག་ལས་ གོ་བརྡའི་ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་དེ་སྦེ་འདུག

མཚན་རྟགས་འདི་ཡང་ ཕྱི་འབྲེལ་བློན་པོ་རྟ་མགྲིན་རྡོ་རྗེ་དང་ རྒྱ་ནག་གི་ ཕྱི་འབྲེལ་བློན་པོ་འོགམ་ ༢ ཀྱི་བར་ན་ བཀོད་དེ་ཡོདཔ་ཨིན།

དུས་ཅི་ སྤྱི་ཟླ་ ༤ པའི་ནང་ རྒྱ་ནག་ལུ་སྦེ་ མཁས་མཆོག་སྡེ་ཚན་གྱི་ཞལ་འཛོམས་ཐེངས་ ༡༠ པ་འགོ་འདྲེན་འཐབ་པའི་སྐབས་ ས་མཚམས་ཀྱི་གསུང་གྲོས་འདི་ ལམ་སྟོན་སབ་ཁྲ་ ༣ གྱི་ཐོག་ལུ་ འགོ་འདྲེན་འཐབ་ནི་སྦེ་ཞལ་འཆམ་འབྱུང་ནུག

ཕྱི་འབྲེལ་ལྷན་ཁག་ནང་ལས་ གནས་ཚུལ་གསར་བཏོན་ཅིག་བཏང་མི་དང་འཁྲིལཔ་ད་ མོས་མཐུན་གྱི་སྒོ་ལས་ ལམ་སྟོན་སབ་ཁྲ་ལག་ལེན་འཐབ་མི་འདི་གིས་ རྒྱལ་ཁབ་གཉིས་ཆ་རའི་ཧོངས་ལས་ ས་མཚམས་ཀྱི་གསུང་གྲོས་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་མས།

འབྲུག་དང་རྒྱ་ནག་གི་བར་ན་ ས་མཚམས་ཀྱི་གསུང་གྲོས་འདི་ཡང་ སྤྱི་ལོ་ ༡༩༨༤ ལས་རང་ གནང་ནི་འགོ་བཙུགས་ནུག

འདི་དང་གཅིག་ཁར་ ད་ལྟོ་ཚུན་ཚོད་ རྒྱལ་ཁབ་ ༢ ཀྱི་བར་ན་ ས་མཚམས་ཀྱི་གསུང་གྲོས་ཐེངས་ ༢༤ གནང་ཡོདཔ་མ་ཚད་ མཁས་མཆོག་སྡེ་ཚན་གྱི་གནས་ཚད་ཁར་ཡང་ ཞལ་འཛོམས་ཐེངས་ ༡༠ གནང་ཡོདཔ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube