དལ་ཤོག་བཟོ་ནི་གི་ཚོང་འབྲེལ་ལེགས་ཤོམ་འགྱོ་དོ་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ ནད་གཞི་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ ཚོང་འབྲེལ་ལུ་བར་ཆད་རྐྱབ་པའི་ཤུལ་ ད་རེས་ མང་ཤོས་ཅིག་ར་ ཚོང་ལཱ་ལོག་འགོ་བཙུགས་ནི་ནང་ ལཱ་ཁག་གཏང་སྟེ་འདུག

ཨིན་རུང་ གཞལ་སྒང་ ཏིང་ཏི་སྦི་ལུ་ཡོད་པའི་ སྟག་མ་ལག་བཟོ་ཤོག་ཀུ་བཟོ་གྲྭ་ཁང་གིས་ དལ་ཤོག་བཟོ་ནི་གི་ཚོང་འབྲེལ་འདི་ ཧེ་མ་ལེགས་ཤོམ་མ་འགྱོ་རུང་ ད་རེས་ ཨོ་ཏོག་ཏོ་སྦེ་རང་ འགྱོ་དོ་ཡོདཔ་སྦེ་བཤད་ཅི།

དལ་ཤོག་བཟོ་གྲྭ་ཁང་གི་ཇོ་བདག་ ཉི་མ་ཚེ་རིང་གིས་སླབ་མི་ནང་ ཁོ་གིས་ དལ་ཤོག་ཚུ་ཡང་ རྒྱལ་ཁབ་ནང་འཁོད་རང་ བཙོང་དོ་ཟེར་ཨིན་མས།

ཨིན་རུང་ དུས་ཅི་ ཕྱི་རྒྱལ་ལས་ཡང་ དལ་ཤོག་འབུམ་ལྷགཔ་ཅིག་ མཁོ་སྔགས་འབད་མི་ཐོན་ཏེ་ཡོདཔ་ལས་ ལཱ་འབད་མི་ཡང་ ཐེབ་བཙུགས་དགོཔ་ཐོན་ཏེ་ཡོད་ཟེར་བཤད་ཅི།

དལ་ཤོག་བཟོ་བའི་སྐབས་ལུ་ ཧེ་མ་ར་ དལ་ཤིང་གི་ལྤགས་ཀོ་བཙོ་སྟེ་ ཆུ་ནང་ལུ་སྦང་པའི་ཤུལ་ གསིག་མ་ལག་ལེན་འཐབ་སྟེ་ ཤོག་ཀུ་བཏོན་པའི་ཤུལ་ དུས་ཡུན་ཆུ་ཚོད་༢༤་གི་རིང་ལུ་ སྐམ་བཞག་དགོ་དོ་ཡོདཔ་ཨིན་མས།

དལ་ཤོག་འདི་ཡང་ དཔེ་ཆ་བྲིས་ནི་དང་ ཁྱོསམ་སྤུར་ནི་ དེ་ལས་ ཡིག་ཤུབས་ཚུ་བཟོ་ནི་གི་དོན་ལས་ ལག་ལེན་འཐབ་དོ་ཡོདཔ་ད་ དལ་ཤོག་རེ་ལུ་ དངུལ་ཀྲམ་༥༠་ལས་༧༠་གི་བར་ན་སྦེ་ བཙོངམ་ཨིན་མས།

གཞལ་སྒང་ ཏིང་ཏི་སྦི་ལུ་ཡོད་པའི་ སྟག་མ་ལག་བཟོ་ཤོག་ཀུ་བཟོ་གྲྭ་ཁང་འདི་ སྤྱི་ལོ་༡༩༩༩་ལུ་ གཞི་བཙུགས་འབད་དེ་ཡོདཔ་ད་ ད་རེས་ འཕྲུལ་ཁང་འདི་ནང་ལུ་ ལཱ་འབད་མི་༤༥་དེ་ཅིག་འདུག

འབྲུག་གི་གནས་ཚད་ལས་ཁང་ནང་ལ་གིས་ ཕྲལ་ཁམས་ཅིག་ཁར་ འཕྲུལ་ཁང་འདི་ནང་གི་ དལ་ཤོག་གི་ཐོན་སྐྱེད་དྲུག་ཡང་ ངོ་སྦྱོར་འབད་དེ་འདུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube