བསམ་གྲུབ་ལྗོངས་མཁར་ཁྲོམ་འདི་ ཉིནམ་༣ གྱི་རིང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁ་ལུ་ ད་རུང་རང་ མི་སྡེ་ནང་ལས་ མི་ངོམ་ཅིག་ལུ་ ནད་ཡམས་ཀཱོ་ཝིཌ་ནའི་ཊིན་ཐོབ་སྟེ་ཡོདཔ་སྦེ་ ངོས་འཛིན་འབྱུང་པའི་ཤུལ་ལུ་ ད་རིས་ལས་འགོ་བཙུགས་ ཉིནམ་༣ གྱི་རིང་ འགྲོ་འགྲུལ་བཀག་དམ་ འབད་དེ་ཡོདཔ་ཨིན།

ད་རིས་དྲོ་པ་ ཁྲོམ་གྱི་ཁྲིམས་སྲུང་དམག་སྒར་ནང་ལས་ ཁྲིམས་སྲུང་འགག་པ་ཅིག་ལུ་ ནད་ཡམས་འཐོབ་སྟེ་ཡོདཔ་སྦེ་ བརྟག་དཔྱད་འབད་ནུག

ནད་ཡམས་འཐོབ་མི་ ཁྲིམས་སྲུང་འགག་པ་འདི་ཡང་ ཁ་ཙ་ལས་འགོ་བཙུགས་ཏེ་ མི་མང་བརྟག་དཔྱད་འགོ་འདྲེན་འཐབ་པའི་སྐབས་ དཔེ་ཚད་༣༥༠ ལྷགཔ་ཅིག་ བསྡུ་ཡོད་མི་གི་གྲལ་ལས་ཨིན་མས།

གནས་ཚུལ་བྱུང་ས་དང་འཁྲིལ་བ་ཅིན་ སྤྱི་ཟླ་༥ པའི་ སྤྱི་ཚེས་༣ གི་ཚེ་ དམག་སྒར་ནང་སྡོད་མི་ཨམ་སྲུ་ཅིག་ལུ་ ནད་ཡམས་འཐོབ་ཡོདཔ་སྦེ་ ངོས་འཛིན་འབད་བའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་འདི་དང་ ཁྲིམས་སྲུང་འགག་པ་གཞ་མི་༤༠ ལྷགཔ་ཅིག་ དམག་སྒར་ནང་ལུ་ སྤོ་ཡོདཔ་སྦེ་ཨིན་མས།

ད་རེས་ ནད་ཡམས་འཐོབ་མི་ ཁྲིམས་སྲུང་འགག་པ་འདི་ ལོག་སུ་སྦེ་བཞག་སྟེ་ཡོདཔ་དང་ ཁྲིམས་སྲུང་འགག་པ་གཞན་མི་ཚུ་ བརྟག་དཔྱད་འབད་བའི་ཤུལ་ལུ་ ཟུར་བཞག་ནང་བཞག་སྟེ་འདུག

ཁྲོམ་ཁ་ལུ་ འགྲོ་འགྲུལ་བཀག་དམ་འབད་དེ་ཡོདཔ་ལས་ ད་རེས་ ཉེན་སྲུང་ལྟ་སྐོར་གྱི་ལཱ་ཚུ་ སྦོ་ལོགས་ཁར་ཡོད་པའི་ ས་སྲུང་དམག་སྒར་ནང་ལས་ ཁྲིམས་སྲུང་འགག་པ་ཚུ་དང་ བདེ་སྲུངཔ་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

ད་རུང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཡིག་ཚང་ལྟེ་བ་ལས་ ཁྲིམས་སྲུང་འགག་པ་ཐེབས་༤༠དེ་ཅིག་ ཉིནམ་༡ དང་༢ ཀྱི་བར་ན་ལྷོད་ནི་སྦེ་ཡོདཔ་ཨིན་མས།

འདི་དང་གཅིག་ཁར་ གསོ་བའི་འགོ་དཔོན་ཚུ་གིས་ མི་མང་བརྟག་དཔྱད་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་དང་ གཟའ་ཟླཝ་གི་ཚེ་ མཇུག་བསྡུ་ནི་ཨིན་མི་ བརྟག་དཔྱད་ཀྱི་ལས་རིམ་གྱི་སྐབས་ ཁྱིམ་རེ་ནང་ལས་ མི་རེ་རེ་ལུ་ཨར་ཊི་པི་སི་ཨར་གྱི་ བརྟག་དཔྱད་འབད་དོ་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཀུན་ལེགས་དབང་ཕྱུག བསམ་གྲུབ་ལྗོངས་མཁར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube