དྲག་ཤོས་ཤེས་རབ་རྒྱལ་མཚན་གྱིས་ བློན་པོའི་གོ་གནས་དང་ སྤྱི་ཚོགས་ཀྱི་འཐུས་མི་ལས་ དགོངས་ཞུ་འབད་ཡོདཔ།

༉ དྲག་ཤོས་ཤེས་རབ་རྒྱལ་མཚན་གྱིས་ ནང་སྲིད་བློན་པོའི་གོ་གནས་དང་ སྤྱི་ཚོགས་ཀྱི་འཐུས་མི་ལས་ དགོངས་ཞུ་འབད་དེ་ཡོདཔ་ཨིན།

དྲག་ཤོས་ཀྱིས་ཕུལ་མི་ དགོངས་ཞུའི་ཞུ་ཡིག་འདི་ ཁ་ཙ་དྲོ་པ་ བློན་ཆེན་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་གྱིས་ ཆ་འཇོག་གནང་ཡི།

བློན་ཆེན་ཡིག་ཚང་གིས་བཀོད་མི་ནང་ དྲག་ཤོས་ ཤེས་རབ་རྒྱལ་མཚན་གྱིས་ ཁ་ཙ་དྲོ་པ་ བློན་ཆེན་གྱི་སྐུ་འདུན་ལུ་བཅར་ཞིནམ་ལས་ བློན་པོའི་གོ་གནས་ལས་ དགོངས་ཞུ་འབད་བའི་གནས་སྟངས་འདི་ འཁྲུལ་སི་སི་་ཅིག་སྦེ་འཐོན་ཡི་ཟེར་ཨིན་མས།

འདི་གི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱི་ཡིག་ཚང་ནང་ལུ་སྦེ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གི་ཧོང་ལས་ ཚོགས་དཔོན་གྱིས་ དྲག་ཤོས་ལུ་ འདས་པའི་ལོ་ཕྱེད་དང་༣གྱི་རིང་ མི་སེར་ལུ་ ཕྱག་ཕྱིད་གང་དྲག་ཞུ་སྟེ་ཡོད་མི་ལུ་ དགའ་ཚོར་ཡོད་ཟེར་ གསུངས་གནང་ཡི།

དྲག་ཤོས་ཀྱིས་ མོང་སྒར་འདེམས་ཁོངས་ནང་ལས་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་སྟེ་ཡོདཔ་ཨིན།

དྲག་ཤོས་ ཤེས་རབ་རྒྱལ་མཚན་གྱིས་ འདས་པའི་ཟླཝ་ནང་ བློན་ཆེན་ལུ་ དགོངས་ཞུའི་ཞུ་ཡིག་ཕུལ་བའི་ཤུལ་མ་ འཕྲལ་ཁམས་ཅིག་ཁར་ ཚོགས་དཔོན་ལུ་ཡང་ཕུལ་ཡོདཔ་ཨིན་མས།

ཆེ་མཐོ་ཁྲིམས་ཀྱི་འདུན་སའི་ གྲངས་མང་ཁྲིམས་ཁྲི་གིས་ དྲག་ཤོས་ལུ་ ཚུལ་མིན་གྱི་ཐོག་ལས་ སྣུམ་འཁོར་ཉེན་བཅོལ་འབད་ཡོད་པའི་ ཉེས་པ་ལུ་ ཟླཝ་༢ཀྱི་ བཙོན་ཁྲིམས་བཀལ་ཏེ་ཡོདཔ་ཨིན།

དྲག་ཤོས་ཀྱིས་ ཚུལ་མིན་གྱི་ སྣུམ་འཁོར་ཉེན་བཅོལ་འདི་ཡང་ སྤྱི་ལོ་༢༠༡༦ལུ་ འབད་དེ་ཡོདཔ་སྦེ་ སྙན་ཞུ་འབད་དེ་འདུག

ད་རེས་བཟུམ་ཅིག་འབད་བ་ཅིན་ ནང་སྲིད་བློན་པོ་བགྲེསཔ་གིས་ གནད་དོན་འདི་ མངོན་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་ཞུ་སྟེ་ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་ཡོངས་ཚོགས་འདུའི་བཅའ་ཁྲིམས་ཀྱི་ དོན་ཚན་༢༠ཅན་མ་དང་འཁྲིལ་ མོང་སྒར་དང་ ངང་ལམ་འདེམས་ཁོངས་ཀྱི་དོན་ལུ་ འདེམས་ཁྲི་སྟོངམ་འཐོན་ཏེ་ཡོདཔ་སྦེ་ གསལ་བསྒྲགས་འབད་དེ་འདུག

རྒྱལ་ཡོངས་ཚོགས་འདུ་དང་འཁྲིལ་བ་ཅིན་ ཚོགས་དཔོན་གྱིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ འདེམས་ཁྲི་སྟོངམ་འཐོན་མི་ཚུ་ བསུབ་དགོ་པའི་སྐོར་ལས་ ཡི་གུ་བཏང་སྟེ་ཡོདཔ་སྦེ་བཤད་ཅི།

ངང་ལམ་འདེམས་ཁོངས་ཀྱི་ འདེམས་ཁྲི་འདི་ཡང་ འདས་པའི་ཟླཝ་ནང་ སྤྱི་ཚོགས་ཀྱི་འཐུས་མི་གྱོང་པའི་ཤུལ་མ་ སྟོངམ་འཐོན་སྟེ་ཡོདཔ་ཨིན།

གནས་ཚུལ་བསྡུ་ལེན་འབད་མི་ ཚེ་རིང་བཟངམོ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube