བཙག་འཐུ་ལྷན་ཚོགས་ཀྱིས་ ཁྲོམ་སྡེ་ཚོགས་སྡེ་གི་བཙག་འཐུའི་ གྲུབ་འབྲས་གསལ་བསྒྲགས།
སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༢༡
༉ དགེ་ལེགས་ཕུག་དང་ཕུན་ཚོགས་གླིང་ དེ་ལས་ ཐིམ་ཕུག་ལུ་ ཁ་ཙ་ ཁྲོམ་སྡེ་ཚོགས་སྡེ་གི་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་བསྐྱུར་མི་ ཡུདཔ་ཅིག་ བརྒྱ་ཆ་༦༠ དེ་ཅིག་གིས་རང་ ཚོགས་རྒྱན་ཚུ་བསྐྱུར་ནུག
འདི་ཡང་ སྤྱི་ལོ་༢༠༡༦ གི་ ཁྲོམ་སྡེ་ཚོགས་སྡེའི་བཙག་འཐུ་དང་ཕྱདཔ་ད་ བརྒྱ་ཆ་༢༠ ལྷགཔ་ཅིག་གིས་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།
བཙག་འཐུ་འདི་གི་ཚོགས་རྒྱན་གྱི་གྲུབ་འབྲས་འདི་ གཞུང་འབྲེལ་དུ་ ད་རིས་ གསལ་བསྒྲགས་འབད་དེ་ཡོདཔ་ཨིན།
བཙག་འཐུ་ལྷན་ཚོགས་དང་འཁྲིལ་པ་ཅིན་ བཙག་འཐུ་འདི་ཡང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་སྒྲིག་གཞི་དང་འཁྲིལ་ཏེ་རང་ འགོ་འདྲེན་འཐབ་ཡོདཔ་སྦེ་ཨིན་མས།
བཙག་འཐུ་གི་སྐབས་ལུ་ ཁྲོམ་སྡེ་གསུམ་གྱི་ནང་ལས་ ཁྲོམ་དཔོན་གསུམ་དང་ཚོགས་པ་༡༧ བཙག་འཐུ་འབད་དེ་འདུག
ཁྲོམ་སྡེ་གསུམ་གྱི་ནང་ལུ་ མི་ངོམ་སྟོང་ཕྲག་ཕྱད་ད་༡༡ ལྷགཔ་ཅིག་གིས་ ཚོགས་རྒྱན་བསྐྱུར་ནི་སྦེ་ཐོ་བཀོད་འབད་ས་ལས་ སྟོང་ཕྲག་༦ དང་༢༠༠ ལྷགཔ་ཅིག་གིས་ ཚོགས་རྒྱན་ཚུ་བསྐྱུར་ནུག
བཙག་འཐུ་འདི་ནང་ལུ་ ཁྲོམ་དཔོན་དང་ཚོགས་པ་གི་དོན་ལུ་ འདེམས་ངོ་༣༥ གིས་ དོ་འགྲན་འབད་དེ་ཡོདཔ་ཨིན།
དགེ་ལེགས་ཕུག་ལས་ ཁྲོམ་དཔོན་འདི་ སྐྱེས་ལོ་༣༨ ལང་མི་ ཚེ་རིང་ནོར་བུ་བཙག་འཐུ་གྲུབ་སྟེ་ཡོདཔ་ད་ ཁོ་གིས་ བཙག་འཐུ་གི་སྐབས་ལུ་ ཧེ་མའི་ཁྲོམ་དཔོན་ ཊི་ཀ་རམ་ཀཕ་ལེ་དང་ཅིག་ཁར་ དོ་འགྲན་འབད་ཡི།
ཨིན་རུང་ ཕུན་ཚོགས་གླིང་གི་ཧེ་མའི་ཁྲོམ་དཔོན་ ཨུ་ཏར་ཀུ་མར་རའི་འདི་ ད་རུང་རང་ བཙག་འཐུ་སྒྲུབ་སྟེ་ཡོདཔ་ད་ ཁོ་གིས་ གཞན་མི་འདེམས་ངོ་གསུམ་དང་གཅིག་ཁར་ དོ་འགྲན་འབད་དེ་ཡོདཔ་ཨིན།
དེ་ལས་ ཐིམ་ཕུག་ལུ་ འདེམས་ངོ་ཨྱོན་རྡོ་རྗེ་གིས་ ཧེ་མའི་ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་དང་ བསོད་ནམས་རྡོ་རྗེ་གཉིས་དང་ཕྱདཔ་ད་ལུ་ ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་ བཙག་འཐུ་སྒྲུབ་སྟེ་ཡོདཔ་ཨིན།
བཙག་འཐུ་གི་སྐབས་ལུ་ དགེ་ལེགས་ཕུག་ལུ་ ཚོགས་པ་ལྔ་དང་ ཕུན་ཚོགས་གླིང་དང་ཐིམ་ཕུག་ལུ་ ཚོགས་པ་དྲུག་རེ་ཡང་ བཙག་འཐུ་འབད་ཡི།
བཙག་འཐུ་ལྷན་ཚོགས་ཀྱི་གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ ཐིམ་ཕུག་ མུ་ཏིག་ཐང་འདེམས་ཁོངས་དང་ དགེ་ལེགས་ཕུག་གི་ བཀྲ་ཤིས་གླིང་འདེམས་ཁོངས་ཀྱི་དོན་ལུ་ ཚོགས་པའི་འདེམས་ཁྲི་འདི་ སྟོངམ་སྦེ་རང་ལུས་འོང་ཟེར་ཨིན་མས།
འདེམས་ཁོངས་འདི་ ༢ ཀྱི་ནང་ལས་ དང་འདོད་ཅན་གྱི་ཚོགས་པའི་འདེམས་ངོ་སྦོ་འཐོན་མི་ འདེམས་ངོ་༢ པོ་འདི་ ལྷན་ཚོགས་འདི་གིས་ སྲིད་དོན་ཚོགས་པ་ཚུ་གི་འཐུས་མི་སྦེ་ ཐོ་བཀོད་འབད་དེ་ཡོདཔ་སྦེ་མཐོང་པའི་ཤུལ་མ་ ཆ་མེད་བཏང་སྟེ་འདུག
འདི་དང་གཅིག་ཁར་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་དོན་ལུ་ བཙག་འཐུ་ཐེངས་༣ པ་འདི་ དུས་ཅི་ སྤྱི་ཟླ་༩ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་མས།
གནས་ཚུལ་བསྡུ་ལེན་པ་ ཆོས་ཉིད་སྒྲོལ་མ། ཐིམ་ཕུག







རྒྱང་བསྒྲགས་དང་མཐུད་འབྲེལ།