འཕྲུལ་རིག་དང་འབྲེལ་བའི་ལས་འགུལ་གྱི་ལཱ་ཚུ་ ཡུདཔ་ཅིག་ག་ར་ཕྱི་ཡོདཔ།
སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༢༡
༉ ཌི་ཇི་ཀྲལ་འབྲུག་ཡུལ་གཙོ་རིམ་ལས་རིམ་གྱི་འོག་ལུ་ འཕྲུལ་རིག་དང་འབྲེལ་བའི་ལས་འགུལ་ ཁག་མ་འདྲཝ་༨ ཡོད་ས་ལས་ ཡུདཔ་ཅིག་ཆ་མཉམ་རང་ ཕྱི་ཡོདཔ་མ་ཚད་ གཅིག་འདི་འགོ་རང་ བཙུགས་མ་ཚུགས་པར་འདུག
འདི་ཡང་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ལས་ཕར་ རྒྱུན་འགྲུལ་འཐབ་མ་ཚུགས་མི་དང་ རྒྱལ་ཁབ་ནང་འཁོད་ལུ་ འགྲོ་འགྲུལ་བཀག་དམ་གྱི་ལས་རིམ་ ཚར་༢ འགོ་འདྲེན་འཐབ་དགོཔ་ཐོན་མི་ལས་བརྟེན་ཏེ་ ཨིནམ་སྦེ་བཤད་ཅི།
ཐིམ་ཕུག་ བརྡ་དོན་འཕྲུལ་རིག་གླིང་ག་ནང་ལུ་ འཕྲུལ་རིག་པ་སྡེ་ཚན་གཅིག་གིས་ ཁྲལ་གྱི་འཕྲུལ་རིག་ལམ་ལུགས་དང་ ནདཔ་ཚུ་གི་བརྡ་དོན་ཚུ་ གློག་རིག་གི་ཐོག་ལས་ ཐོབ་ཚུགསཔ་སྦེ་བཟོ་ནི་གི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་རང་འདུག
གློག་རིག་གི་ཐོག་ལས་ ཁྲལ་གྱི་ལམ་ལུགས་བཟོ་མི་འདི་གིས་ གནས་སྡུད་ཚུ་སྤུས་ཚད་ཡོདཔ་སྦེ་བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་ཡོདཔ་ཨིན་མས།
འདི་བཟུམ་སྦེ་ ནདཔ་ཚུ་གི་བརྡ་དོན་ལམ་ལུགས་འདི་གིས་ འབྲུག་མི་ཚུ་ སྨན་ཁང་ནང་ལུ་འགྱོ་བའི་སྐབས་ སྨན་ཡིག་ཚུ་འབག་མ་དགོ་པར་ བརྡ་དོན་འདི་ཚུ་ གློག་རིག་གི་ཐོག་ལས་ ཐོབ་ཚུགས་ནི་ནང་ ཕན་ཐན་ཐོགས་འབྱུང་ནི་གི་དོན་ལུ་ཨིནམ་སྦེ་བཤད་ཅི།
བརྡ་དོན་འཕྲུལ་རིག་ཞབས་ཏོག ཐིམ་ཕུག་བརྡ་དོན་འཕྲུལ་རིག་གླིང་ག་ནང་ལས་ མདོ་ཆེན་ ངག་དབང་ཕུན་ཚོགས་ཀྱིས་སླབ་མི་ནང་ ལམ་ལུགས་འདི་གི་དོན་ལུ་ བརྡ་དོན་འཕྲུལ་རིག་གླིང་ག་གིས་ ཨ་མི་རི་ཀ་ལས་ ལས་སྡེ་ཅིག་དང་མཉམ་འབྲེལ་འབད་དེ་ མི་༡༦ བཙུགས་ཏེ་ ལཱ་འབད་དོ་ཡོདཔ་སྦེ་བཤད་ཅི།
ལས་འགུལ་འདི་ བརྡ་དོན་འཕྲུལ་རིག་གླིང་ག་ལུ་འབྱིན་མི་འདི་ཡང་ འབྲུག་མི་ཚུ་གི་ལྕོགས་གྲུབ་ཡར་དྲག་བཏང་ནི་གི་དོན་ལུ་འབདཝ་ལས་ ཁོང་ཆ་ཁྱབ་ཀྱིས་ཡང་ ད་རེས་ འདི་ལུ་རང་ བརྩོན་ཤུགས་སྐྱེད་དོ་ཡོདཔ་སྦེ་ཨིན་མས།
འདི་འབདཝ་ལས་ ཁོང་ཆ་ཁྱབ་ཀྱིས་ འཕྲུལ་རིག་དང་ལམ་ལུགས་གསརཔ་གི་སྐོར་ལས་ ཨ་ཙི་རེ་ཤེས་ཚུགས་ནི་འདི་གིས་ ལས་འགུལ་འདི་ཡང་ ཧ་ལམ་ འབད་ཚུགས་ཏེ་ཡོད་ཟེར་ཨིན་མས།
ཐིམ་ཕུག་བརྡ་དོན་འཕྲུལ་རིག་གླིང་ག་ལས་ ཡོངས་འབྲེལ་ཐོག་གི་པི་ཨཱི་ཨེསི་གི་ལས་འགུལ་འཛིན་སྐྱོང་པ་ ཀུན་ལེགས་ཚེ་རིང་གིས་སླབ་མི་ནང་ ལས་འགུལ་འདི་ སྤྱི་ཟླ་༤ པའི་ནང་ལས་ འགོ་བཙུགས་ཚུགས་ནི་བཟུམ་ཅིག་ཡོདཔ་སྦེ་ཨིན་མས།
ད་རེས་ ལས་འགུལ་འདི་གི་དོན་ལུ་ ལམ་ལུགས་བཟོ་མི་༦ ལུ་ སྦྱོང་བརྡར་འབྱིན་པའི་བསྒང་རང་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ལས་འགུལ་འདི་འགོ་བཙུགས་པའི་བསྒང་ལས་ འཕྲུལ་རིག་གི་ལམ་ལུགས་འདི་ གཡོག་བཀོལ་ཚུགསཔ་སྦེ་འགྱོ་འོང་ཟེར་བཤད་ཅི།
ད་རེས་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ འཕྲུལ་རིག་པ་ཆ་ཁྱབ་ཀྱིས་ གཞུང་ལུ་ འཕྲུལ་རིག་གི་ལམ་ལུགས་བཟོ་འབྱིན་མི་གི་མ་དོ་བར་ མཇུག་ལས་མཇུག་སུ་ ཉམས་བཅོས་འབད་ཚུགས་མི་ཅིག་ལུ་ཡང་ འགྱུར་འོང་ཟེར་བཤད་ཅི།
ཨིན་རུང་ ད་རེས་ ནད་ཡམས་ཐོན་སྡོད་པའི་ནམ་དུས་ལུ་ འཕྲུལ་རིག་གི་ལས་འགུལ་འདི་གཉིསཔོ་འདི་ མཇུག་བསྡུ་ནི་ནང་ ཕྱི་ཡོདཔ་སྦེ་ཨིན་མས།
ཁྲལ་གྱི་འཕྲུལ་རིག་ལམ་ལུགས་འདི་ མ་གཞི་ དུས་ཅི་ སྤྱི་ཟླ་༦ པའི་ནང་ལུ་ བཟོ་ཚར་དགོཔ་ཅིག་ཨིན་རུང་ ད་རེས་ སྤྱི་ཟླ་༡༢ ལུ་ ཕར་འཕུལ་རྐྱབ་དགོཔ་ཐོན་ཏེ་འདུག
དེ་ལས་ ནདཔ་ཚུ་གི་བརྡ་དོན་ལམ་ལུགས་འདི་ ད་རེས་བཟོ་ནི་འགོ་རང་ བཙུགས་མ་ཚུགས་པར་ཡོདཔ་ད་ འདི་ཡང་ གསོ་བའི་ལྷན་ཁག་འདི་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ འཕྱེལ་འགྱོ་མ་བཅུག་པར་བཞག་ནི་ནང་ བརྩོན་ཤུགས་སྐྱེད་དེ་ལུས་སོང་པའི་ཤུལ་ཨིནམ་སྦེ་བཤད་ཅི།
འདི་བཟུམ་སྦེ་ གཙོ་རིམ་ལས་རིམ་འདི་གི་འོག་ལུ་ གཞན་མི་བརྡ་དོན་འཕྲུལ་རིག་གི་ལས་འགུལ་དྲུགཔོ་འདི་ཡང་ ད་རེས་ ནད་ཡམས་ཐོན་པའི་ནམ་དུས་ལུ་ ཕྱི་སོང་སྟེ་ཡོདཔ་ཨིན་མས།
བརྡ་དོན་འཕྲུལ་རིག་དང་རྒྱང་འཕྲིན་ལས་ཁུངས་ཀྱི་ འཛིན་སྐྱོང་ལས་ཚན་ནང་ལས་ འགོ་འཛིན་ བསོད་ནམས་དཔལ་འབྱོར་གྱིས་བཀོད་མི་ནང་ རྒྱལ་སྤྱི་གི་ས་མཚམས་སྒོ་བསྡམས་མི་ལུ་བརྟེན་ ཕྱི་རྒྱལ་ལས་ ཅ་ཆས་མཁོ་སྒྲུབ་འབད་དགོ་མི་ཚུ་ ལེན་ནི་ནང་ ཕྱི་སོང་ཡི་ཟེར་བཤད་ཅི།
འདི་བཟུམ་སྦེ་ རྒྱལ་སྤྱི་གི་གྲོས་སྟོན་པ་དང་སློབ་སྟོན་པ་ཚུ་ཡང་ བརྡ་དོན་འཕྲུལ་རིག་པ་ཚུ་ལུ་ སྦྱོང་བརྡར་འབྱིན་པར་ འོང་མ་ཚུགས་ནི་འདི་གིས་ ལཱ་བསྐོར་ལ་ལུ་ཅིག་ ཕར་གྱང་འབད་དགོཔ་ཐོན་ཡོདཔ་མ་ཚད་ ལ་ལུ་ཅིག་ཆ་མེད་དང་ ལ་ལུ་ གདམ་ཁ་གཞན་མི་ལྟ་དགོཔ་ཐོན་ཡོདཔ་སྦེ་ཨིན་མས།
ད་རུང་ འགྲོ་འགྲུལ་བཀག་དམ་ ཚར་༢ འགོ་འདྲེན་འཐབ་དགོཔ་ཐོན་མི་འདི་གིས་ཡང་ ཟླཝ་ཕྱད་ད་༢ དེ་ཅིག་ལཱ་འབད་མ་ཚུགས་པར་ལུས་ཡོདཔ་ལས་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་ཡོདཔ་སྦེ་བཤད་ཅི།
ཌི་ཇི་ཀྲལ་འབྲུག་ཡུལ་ཟེར་མི་ བརྡ་དོན་འཕྲུལ་རིག་གི་ལས་རིམ་འདི་ ལོ་ལྔ་འཆར་གཞི་༡༢ པའི་ནང་ལུ་ གཞུང་གི་ གཙོ་རིམ་ལས་རིམ་ཅིག་ཨིན་མས།
ལས་རིམ་འདི་བརྒྱུད་དེ་ གཞུང་གིས་ རྒྱལ་ཁབ་ནང་ལུ་ བརྡ་དོན་འཕྲུལ་རིག་གི་ ཁེ་ཕན་ཚུ་ ལེགས་ཤོམ་སྦེ་སྤྱོད་ཚུགསཔ་སྦེ་བཟོ་ནི་ནང་ གཙོ་བོར་བསྟེན་དོ་ཡོདཔ་ལས་ མ་དངུལ་ཡང་ དངུལ་ཀྲམ་ཐེར་འབུམ་༣ དེ་ཅིག་ བགོ་བཀྲམ་འབད་དེ་འདུག
གནས་ཚུལ་བསྡུ་ལེན་པ་ ཕུརཔ་རྒྱལམོ། ཐིམ་ཕུག







རྒྱང་བསྒྲགས་དང་མཐུད་འབྲེལ།