གཟའ་མིག་དམར། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༦

གཞུང་གིས་ མི་སེར་ཚུ་ལས་ས་སྒ་ཚུ་ཉོ་སྟེ་ བཙོང་ནི་གི་ལས་རིམ་ལུ་ངོས་ལེན།

སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༢༡

༉ བསམ་རྩེ་རྫོང་ཁག་ རྡོ་རོ་ཁ་གི་མི་སེར་ཚུ་གིས་ གཞུང་གིས་ མི་སེར་ཚུ་ལས་ ས་སྒ་ཚུ་ཉོ་སྟེ་ བཙོང་ནི་གི་ལས་རིམ་འགོ་བཙུགས་མི་འདི་ལུ་ ངོས་ལེན་ལེགས་ཤོམ་སྦེ་འབད་དེ་འདུག

འདི་ཡང་ ས་གནས་འདི་ནང་གི་མི་སེར་ཚུ་གིས་ འཕྲལ་ཁམས་གཅིག་ཁར་ ལས་རིམ་འདི་བརྒྱུད་དེ་ ས་སྒ་ཊག་༦ དེ་ཅིག་གི་རྩིས་ བཙོང་ཡོདཔ་ཨིན་མས།

གཞུང་གིས་ མི་སེར་ཚུ་ལས་ ས་སྒ་ཚུ་ཉོ་སྟེ་ བཙོང་ནི་གི་ལས་རིམ་འདི་ཡང་ ནད་ཡམས་ཀྱི་གནས་སྟངས་ལས་བརྟེན་ཏེ་ ས་སྒ་ཚུ་ བཙོང་མ་ཚུགས་པའི་གདོང་ལེན་བྱུང་པའི་ཤུལ་མ་ འགོ་བཙུགས་ཡོདཔ་ཨིན་མས།

ས་སྒ་གི་གོང་ཚད་འདི་ དུས་ནམ་རང་འབད་རུང་ དམའ་སུ་ཅིག་སྦེ་རང་ཐོབ་དོ་ཡོདཔ་ད་ འདི་ཡང་ མི་སེར་ཚུ་གིས་ ས་སྒ་ཀེ་ལྗིད་རེ་ལུ་ གོང་ཚད་དངུལ་ཀྲམ་༡༧ དེ་རེ་སྦེ་ བཙོང་སྡོད་ཡོདཔ་ཨིན་མས།

ཨིན་རུང་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ ལས་རིམ་འདི་བརྒྱུད་དེ་ མི་སེར་ཚུ་ལས་ ས་སྒ་སྦོམ་ ཀེ་ལྗིད་རེ་ལུ་ གོང་ཚད་དངུལ་ཀྲམ་༤༥ རེ་བྱིན་ཏེ་ ཉོ་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ ས་སྒ་ཆུང་ཀུ་ཀེ་ལྗིད་རེ་ལུ་ གོང་ཚད་དངུལ་ཀྲམ་༣༥ དང་ ས་གནགཔོ་ནང་ལུ་བཙུགས་མི་ ས་སྒ་ཚུ་ལུ་ གོང་ཚད་དངུལ་ཀྲམ་༢༠ དེ་རེ་སྦེ་ ཉོ་དོ་ཡོདཔ་ཨིན་མས།

ས་སྒ་བཙོང་སའི་ས་གོ་ནང་ ལྗིད་ཚད་འཇལ་ནི་གི་འཕྲུལ་ཆས་༢ ལས་བརྒལ་མེད་མི་ལས་བརྟེན་ཏེ་ ས་སྒོ་བཙོང་པར་འོང་མི་ཚུ་ དུས་ཡུན་རིངམ་སྦེ་རང་ བསྒུག་སྡོད་དགོཔ་འཐོན་དོ་ཡོདཔ་ཨིན་རུང་ སོ་ནམ་པ་ཚུ་གིས་ ནད་ཡམས་ཀྱི་གནས་སྟངས་ནང་ ཁོང་རའི་ས་སྒ་བཙོང་ཚུགས་ནི་འདི་གིས་ སེམས་དགའ་སྟེ་འདུག

བསམ་རྩེ་ བདུན་ཆུ་ཁ་རྒེད་འོག་ བློ་གྲུབ་ལེབ་ཅ་གིས་སླབ་མི་ནང་ ནད་ཡམས་ལས་བརྟེན་ཏེ་ ས་སྒ་ཚུ་ བཙོང་མི་ཚུགས་ནི་མས་ཟེར་ ཚ་གྱང་ལང་སྡོད་པའི་བར་ན་ གཞུང་གིས་ ད་རེས་ འདི་བཟུམ་གྱི་ལས་རིམ་ འགོ་བཙུགས་མི་འདི་གིས་ གོང་ཚད་ཚུ་ཡང་ ལེགས་ཤོམ་ཐོབ་ཡོདཔ་སྦེ་བཤད་ཅི།

འདི་ཡང་ ལས་རིམ་འདི་མེད་པའི་སྐབས་ གཞན་མི་ ཚོང་པ་ཚུ་ལུ་བཙོང་པ་ཅིན་ ས་སྒ་ཀེ་ལྗིད་རེ་ལུ་ གོང་ཚད་དངུལ་ཀྲམ་༡༠ དང་ ཡང་ཅིན་༡༢ དེ་ལས་ མཐོ་ཤོས་རང་༡༧ ལས་བརྒལ་ ཐོབ་ནི་མེད་ཟེར་ཨིན་མས།

ཨིན་རུང་ ཁོང་ལ་ལུ་ཅིག་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ས་སྒ་ཚུ་ ཕྲངམ་འཕྲང་སར་ རྒྱ་གར་ལུ་ཕྱིར་ཚོང་འཐབ་པའི་སྐབས་ ས་སྒ་གི་དབྱེ་བ་༣ སྦེ་མེན་པར་ ལྷམ་པ་༢ སྦེ་བཙོང་སྡོད་ཡོདཔ་ལས་ ད་རེས་ཀྱི་ལས་རིམ་ནང་ལུ་ ས་སྒ་གི་དབྱེ་ཁག་༣ སྦེ་བཟོ་སྟེ་ཡོདཔ་ལས་ མང་ཤོས་ཅིག་རང་ སེམས་དང་མ་ལྡན་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ ད་རེས་ཀྱི་ལས་རིམ་ནང་ལུ་ ད་རུང་རང་ ས་སྒ་ཕད་ཙེ་རེ་ལས་ ཀེ་ལྗིད་༢ མར་ཕབ་འབད་མི་འདི་ལུ་ཡང་ མི་སེར་ཚུ་ སེམས་དང་མ་ལྡན་པར་འདུག

འདི་ཡང་ དོས་༡ ནང་ ཀེ་ལྗིད་༤༠ གི་རྩིས་ཨིནམ་ད་ འདི་ནང་ལས་ ཀེ་ལྗིད་༢ བཏོག་པ་ཅིན་ འདི་ནང་ལུ་ ས་དང་རྡོ་རུ་ཚུ་འོང་ནི་ཨིནམ་ལས་ ཁེ་རྒུད་མ་བཏུབ་མིན་འདུག་ཟེར་བཤད་ཅི།

དེ་འབདཝ་ད་ ཕད་ཙེ་གི་ཐད་ཁར་ ལ་ལོ་ཅིག་ཀེ་ལྗིད་༢༠ དང་ ལ་ལོ་༣༠ སྦེ་འབདཝ་ད་ ཀེ་ལྗིད་༢ བཏོག་པའི་བསྒང་ལས་ རྒུད་ཕོག་དོ་ཡོདཔ་སྦེ་ཨིན་མས།

འདི་ལུ་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་བཀོད་མི་ནང་ དེ་སྦེ་ ས་སྒ་ཕད་ཙེ་རེ་ལས་ ཀེ་ལྗིད་༢ དེ་རེ་ གོང་ཚད་ཀྱི་གྲལ་ཁར་མ་བཙུགས་མི་འདི་ཡང་ ཕད་ཙེ་དང་ས་སྒ་ཚུ་དང་ཡོད་པའི་ ས་གི་ལྗིད་ཚད་ དེ་ལས་ ལྗིད་ཚད་མར་ཕབ་འགྱོ་ནི་ཨིན་མི་ཚུ་ རྩིས་རྐྱབ་སྟེ་ཨིན་ཟེར་བཤད་ཅི།

དྲུང་ཁག་བདག་སྐྱོང་དང་འཁྲིལ་པ་ཅིན་ ནད་ཡམས་ཀྱི་དུས་ཚོད་ཁར་ སོ་ནམ་པ་ཚུ་གིས་ རང་སོའི་ཐོན་སྐྱེད་ཚུ་ རེ་བ་སྐྱེད་དེ་ཡོད་པའི་ གོང་ཚད་དང་འཁྲིལ་ཏེ་ བཙོང་མ་ཚུགས་པའི་དུས་ཚོད་ཁར་ ལས་རིམ་འགོ་བཙུགས་མི་འདི་གིས་ ལེགས་ཤོམ་སོང་ཡི་ཟེར་བཤད་ཅི།

རྡོ་རོ་ཁ་གི་ སོ་ནམ་པ་མང་ཤོས་ཅིག་གིས་རང་ འདས་པའི་ལོ་དག་པ་ཅིག་ནང་ལས་ ཨ་ལཱན་ཅི་གི་གོང་ཚད་ཚུ་ མར་ཕབ་འགྱོ་བའི་ཤུལ་མ་ ས་སྒ་གི་ལཱ་ཚུ་འབད་ནི་འགོ་བཙུགས་ནུག

གནས་ཚུལ་བསྡུ་ལེན་པ་ ཤེས་རབ་རྡོ་རྗེ། བསམ་རྩེ།