ནང་འཛོམས་འགོ་འདྲེན་འཐབ་མི་འདི་གིས་ མི་སྡེ་ནང་ཁེ་ཕན།
སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༢༡
༉ མི་སྡེའི་མཉམ་འབྲེལ་གྱི་ཐབས་ལམ་འདི་ མི་སྡེའི་གནས་ཚད་ཀྱི་ཞལ་འཛོམས་ནང་ལུ་ མི་སེར་ཚུ་གིས་ འབྲེལ་གཏོགས་མང་སུ་ཅིག་སྦེ་འབད་ཚུགས་པའི་ ཐབས་ལམ་སོ་སོ་ཅིག་སྦེ་འཐོན་ཏེ་འདུག
འདི་འབདཝ་ལས་ མི་སྡེའི་ལས་སྣ་ཁག་མ་འདྲཝ་ཚུ་ བརྩམ་ནི་ནང་ལུ་ཡང་ ཁེ་ཕན་བྱུང་སྟེ་ཡོདཔ་ཨིན་མས།
ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༥ ལས་ཚུར་ མོ་བཏབ་ཀྱི་ཐོག་ལུ་ རྫོང་ཁག་༣ གྱི་ རྒེད་འོག་༦ ནང་ ནང་འཛོམས་ཟེར་ མི་སྡེའི་མཉམ་འབྲེལ་གྱི་ཐབས་ལམ་ཅིག་ འགོ་བཙུགས་ནུག
མོ་བཏབ་ཀྱི་ཐོག་ལུ་ འགོ་འདྲེན་འཐབ་མི་ ནང་འཛོམས་འདི་ཡང་ ད་རིས་ཀྱི་ཟླཝ་ འགོ་བཙུགས་ཁམས་གཅིག་ཁར་ མཇུག་བསྡུ་སྟེ་ཡོདཔ་ཨིན།
མོ་བཏབ་ཀྱི་ ནང་འཛོམས་འགོ་འདྲེན་འཐབ་མི་ རྒེད་འོག་ཚུ་གི་གྲལ་ལས་ གཅིག་འདི་ མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་ནང་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།
རྒེད་འོག་འདི་ནང་ལུ་ མི་སྡེའི་མཉམ་འབྲེལ་ཐབས་ལམ་གྱི་སྡེ་ཚན་༣ གཞི་བཙུགས་འབད་དེ་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ཁོང་རའི་མི་སྡེ་ནང་གི་ མི་སྡེའི་གནད་དོན་ལས་འགོ་བཙུགས་ཏེ་ དཔལ་འབྱོར་གྱི་ཐོག་ལུ་ གྲོས་བསྡུར་འབད་ནི་གི་དོན་ལས་ ཟླཝ་རེ་ནང་ཚར་རེ་ འཛོམས་དོ་ཡོདཔ་ཨིན་མས།
འདི་ལུ་ མོང་སྒར་ འབྲས་སྤུངས་རྒེད་འོག་ལས་ཆོས་སྐྱིད་དབང་མོ་གིས་བཀོད་མི་ནང་ སྤྱི་འོག་འཛོམས་འདུ་གི་སྐབས་ལུ་ མི་ལེ་ཤ་འཛོམས་དོ་ཡོདཔ་ལས་ ཁོང་རའི་ཚ་གྱང་ཚུ་བཤད་མི་ཚུགས་དོ་ཡོདཔ་ཨིན་རུང་ ནང་འཛོམས་ཀྱི་སྐབས་ལུ་ མི་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ཁོང་རའི་ཚ་གྱང་དང་ བསམ་འཆར་ཚུ་ གཡང་མ་ཟ་བར་ སླབ་ཚུགས་པའི་ཁེ་ཕན་འདུག་ཟེར་བཤད་ཅི།
འདི་བཟུམ་སྦེ་ རྒེད་འོག་འདི་ནང་གི་ མི་སེར་ལ་ལུ་ཅིག་གིས་བཀོད་མི་ནང་ ནང་འཛོམས་ཀྱི་སྐབས་ མི་ཉུང་ནི་འདི་གིས་ ངོ་རྐྱང་གི་གདོང་ལེན་འབྱུང་མི་ཚུ་ ཧ་གོ་མི་ལས་བརྟེན་ཏེ་ སེལ་ཚུགས་དོ་ཡོདཔ་སྦེ་ཨིན་མས།
མོང་སྒར་འབྲས་སྤུངས་རྒེད་འོག་བདག་སྐྱོང་འགོ་དཔོན་ བསོད་ནམས་ཆོས་འཕེལ་གྱིས་སླབ་མི་ནང་ ནང་འཛོམས་ཀྱི་སྐབས་ མི་ག་ར་གི་བསམ་འཆར་ཚུ་ བཤད་ཚུགས་ཟེར་བཤད་ཅི།
མི་སྡེའི་མཉམ་འབྲེལ་ཐབས་ལམ་གྱི་ ལས་འགུལ་འཛིན་སྐྱོང་པ་ པ་སངས་དབང་ཕྱུག་གིས་སླབ་མི་ནང་ གྲོང་གསེབ་ཀྱི་མི་སྡེ་ནང་ལས་ཕར་ ནང་འཛོམས་ཀྱི་སྐབས་ གནད་དོན་ག་ཅི་ར་ཨིན་རུང་ གྲོས་བསྡུར་འབད་དོ་ཡོདཔ་སྦེ་ཨིན་མས།
སྡེ་ཚན་བཟོ་སྟེ་སྦེ་ དུས་དང་དུས་སུ་ ནང་འཛོམས་འགོ་འདྲེན་འཐབ་མི་འདི་གིས་ སོ་ནམ་པ་ཚུ་གི་ནང་འཁོད་ ཁས་བླངས་ཀྱི་ལས་སྣ་ཚུ་འབད་ནི་ནང་ལུ་ཡང་ ཁེ་ཕན་བྱུང་སྟེ་འདུག
འདི་ཡང་ ཁོང་ཆ་ཁྱབ་ཀྱིས་ ཆུ་རྐའི་ས་ཁོངས་སེལ་ནི་དང་ ཆརཔ་རྐྱབ་པའི་སྐབས་ སོ་ནམ་ཞིང་ལམ་འཛིན་སྐྱོང་འཐབ་ནི་གི་ལཱ་ཚུ་ ཧེ་མ་གཞུང་ལུ་ བློ་གཏད་དེ་སྡོད་ཡོདཔ་ཨིན་རུང་ ད་རེས་ སྡེ་ཚན་གཞི་བཙུགས་འབད་ཞིནམ་ལས་ཚུར་ ཁས་བླངས་ཀྱི་ཐོག་ལས་ འབད་དོ་ཡོདཔ་སྦེ་བཤད་ཅི།
ལས་འགུལ་འཛིན་སྐྱོང་པ་ པ་སངས་དབང་ཕྱུག་གིས་སླབ་མི་ནང་ དཔལ་འབྱོར་གྱི་ལས་སྣ་ གོ་ནོར་དང་སོ་ནམ་ དེ་ལས་ ཚོད་བསྲེ་ལས་བརྟེན་པའི་ དཔལ་འབྱོང་གྱི་ལཱ་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་དོ་ཡོདཔ་སྦེ་བཤད་ཅི།
མོ་བཏབ་ཀྱི་ཐོག་ལས་འགོ་འདྲེན་འཐབ་མི་ མི་སྡེའི་མཉམ་འབྲེལ་གྱི་ཐབས་ལམ་འདི་ལུ་ བསམ་ལེན་དང་ངོས་ལེན་ ལེགས་ཤོམ་ཐོབ་སྟེ་ཡོད་མི་དང་འབྲེལ་ ད་ལས་ཕར་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ ཐབས་ལམ་འདི་ གཞན་མི་རྒེད་འོག་ཚུ་ནང་ལས་ཕར་ཡང་ འགོ་འདྲེན་འཐབ་ཚུགས་པའི་ རེ་བ་ཡོདཔ་ཨིན་མས།
གནས་ཚུལ་བསྡུ་ལེན་པ་ ཚེ་རིང་བཟངམོ། ཐིམ་ཕུག







རྒྱང་བསྒྲགས་དང་མཐུད་འབྲེལ།