ཞིང་ཆུ་བཏོན་ནིའི་ལས་འགུལ་ ཕན་ཐོགས་མེདཔ་སྦེ་འགྱོ་ཡོདཔ།

༉ བསམ་རྩེ་རྫོང་ཁག་ བཀྲིས་ཆོས་གླིང་རྒེད་འོག་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༢བཏང་སྟེ་ བི་རུ་ཆུ་ལས་ ཞིང་ཆུ་བཏོན་ནིའི་ལས་འགུལ་འདི་གིས་ ད་རེས་ མི་སེར་ཚུ་ལུ་ ཕན་ཐོགས་མ་ཚུགས་པར་འདུག

ཞིང་ཆུའི་གཡུར་བ་འདི་ཡང་ ལོ་༧ དེ་ཅིག་གི་ཧེ་མ་ སོ་ནམ་ལས་ཁུངས་ཀྱིས་སེལ་ཡོདཔ་ད་ ཤུལ་ལས་ ད་རུང་རང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༠དེ་ཅིག་བཏང་སྟེ་ ཉམས་བཅོས་འབད་ནུག

ཨིན་རུང་ ད་རེས་ གཡུར་བ་འདི་ནང་ལས་རང་ ཞིང་ཆུའི་གཡུར་བ་གསརཔ་ཅིག་ བཏོན་ནི་གི་འཆར་གཞི་ཡོད་མི་དང་བསྟུན་ ད་རེས་ཡོད་པའི་གཡུར་བ་འདི་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཏེ་ཡོདཔ་ཨིན་མས།

ཀི་ལོ་མི་ཊར་༨ འབད་མི་ ཞིང་ཆུའི་གཡུར་བ་འདི་ཡང་ སྤྱི་ལོ་༢༠༡༤ ལས་སེལ་ནི་འཁགོ་བཙུགས་ཡོདཔ་ད་ གཡུར་བ་འདི་ ལོ་༥ འཆར་གཞི་༡༡ པའི་ནང་ལུ་ གཙོ་རིམ་གྱི་ལས་རིམ་ཚུ་གི་གྲལ་ལས་ཅིག་ཨིན་མས།

སྤྱི་ལོ་༢༠༡༦ལུ་ ལས་འགུལ་འདི་ མཇུག་བསྡུ་སྟེ་ འགོ་འབྱེད་འབད་ཆོགཔ་སྦེ་སྡོད་ཡོདཔ་ཨིན་རུང་ གནམ་བྱཱར་གྱི་ ཆར་ཆུ་ལས་བརྟེན་ ཆུའི་རྐ་ཁར་ཡོད་པའི་ ཆུ་མཛོད་ཁང་ངོ་མ་འདི་ འཕྱག་འབག་ཡར་སོངཔ་ཨིན་མས།

འདི་གི་ཤུལ་ལས་ རྩིས་ལོ་༢༠༡༧དང་༢༠༡༨་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་ཕྱེད་ད་༡༠ལྷགཔ་ཅིག་བཏང་སྟེ་ རུད་ཆད་ནི་གི་ཉེན་ཁ་ཡོད་པའི་ ས་གནས་ཚུ་ནང་ གཡུར་བ་འདི་གི་ཆ་ཤས་ཚུ་ ཉམས་བཅོས་འབད་ནུག

མི་སེར་ཚུ་གིས་སླབ་མི་ནང་ གཡུར་བ་འདི་ནང་ལས་ ཞིང་ཆུ་ཚུ་ ཟླ་༡དེ་ཅིག་ལས་འགལ་ འོང་སར་མ་མཐོང་ཟེར་བཤད་ཅི།

ཞིང་ཆུ་བཏོན་ནི་གི་ལས་འགུལ་འདི་ཡང་ བཀྲིས་ཆོས་གླིང་རྒེད་འོག་ནང་ཡོད་པའི་ སྤང་སྦེ་ལུས་ཏེ་ཡོད་པའི་ས་ཞིང་ཚུ་ ཟ་སྤྱོད་འབད་ནི་གི་དམིགས་གཏད་སྐྱེད་དེ་ རྐྱབ་ཡོདཔ་ཨིན་མས།

པདྨ་གླིང་རྒེད་འོག་ནང་ལས་ དཱན་ཀུ་མར་རའི་གིས་སླབ་མི་ནང་ ལས་འགུལ་འདི་ ལོ་༡ དེ་ཅིག་གི་ནང་འཁོད་ མཇུག་བསྡུ་བའི་ཁར་ གཡུར་བ་འདི་ཁ་ལས་ ཆུ་ཡང་བཏང་ ཞིང་ཁར་ཆུ་དཔག་སའི་ས་སྒོ་ཚུ་ཡང་ བཟོ་ཡི་ཟེར་ཨིན་རུང་ ཤུལ་ལས་ ཁུངས་མེདཔ་ཅིག་ལུ་འགྱུར་སོང་ཡི་ཟེར་བཤད་ཅི།

ལས་འགུལ་འདི་ ཆུ་མ་འཐེནམ་ལས་རང་ རྩིས་སྤྲོད་འབད་མི་དང་བསྟུན་ གཡུར་བ་འདི་གིས་ བཀྲིས་ཆོས་གླིང་རྒེད་འོག་གི་མི་སེར་ཚུ་ལུ་ ཕན་ཐོགས་བྱུང་མ་ཚུགསཔ་ཨིན་མས།

འདི་མ་ཚད་ གཡུར་བ་སེལ་ནི་གི་ལཱ་ལས་བརྟེན་ཏེ་ པདྨ་གླིང་རྒེད་འོག་ནང་ གནོད་སྐྱོན་བྱུང་ཡོད་མི་ ཁྱིམ་གུང་ཚུ་ལུ་ རྒུད་འཐུས་ཡང་མ་སྤྲོད་པར་འདུག

པདྨ་གླིང་རྒེད་འོག་ ཆུ་བསིལ་སྒང་དགྲ་མེད་ས་སྤྱི་འོག་གི་ཚོགས་པ་ ཡེ་ཤེས་དབང་འདུས་ཀྱིས་བཤད་མི་ནང་ ཁོང་གི་ས་ཞིང་ལོ་ཐོག་ མེདཔ་བཏང་སྟེ་ཡོད་མི་ལུ་ རྒུད་འཐུས་ཚུ་བྱིན་ནི་སྦེ་ ཁས་ལེན་འབད་ཡི་ཟེར་ཨིནམ་དང་ འདི་གི་སྐོར་ལས་ ལས་འགུལ་གྱི་འཆར་གཞི་ནང་ཡང་ཚུད་དེ་འདུག་ཟེར་ཨིན་མས།

ད་རུང་ གནད་དོན་འདི་གི་སྐོར་ལས་ རྒེད་འོག་དང་དྲུང་ཁག་ དེ་ལས་ རྫོང་ཁག་བདག་སྐྱོང་ཚུ་ལུ་ སྙན་ཞུ་འབད་དེ་ཡོད་རུང་ འདི་ལུ་ ག་གིས་ཡང་ སྣང་དག་བསྐྱེད་མ་བཏུབ་ཟེར་ ཚོགས་པ་ཡེ་ཤེས་དབང་འདུས་ཀྱིས་བཤདཔ་ཨིན་མས།

 ཆུ་བསིལ་སྒང་དགྲ་མེད་ས་སྤྱི་འོག་ནང་ལས་ ཤེས་རབ་ཆོས་སྒྲོན་གྱིས་བཤད་མི་ནང་ ལས་འགུལ་གྱི་ལཱ་ཚུ་འབད་བའི་སྐབས་ མོ་གི་ ཚལ་ལུ་གི་ཤིང་༥༠་དང་ ཨ་ལཱན་ཅི་གི་ཤིང་ཚུ་མེདཔ་བཏང་ཡི་ཟེར་ཨིན་མས།

འདི་གི་མ་ཚད་ གྲོས་ཀྱི་སྦེ་ ཤིང་ཧ་ལམ་ཅིག་ར་མེདཔ་བཏང་ཡི་ཟེར་བཤད་ཅི།

དེ་བཟུམ་སྦེ་ སོམ་རཱཇ་རའི་གིས་འབད་བ་ཅིན་ ཞིང་འདི་ཚུ་ལས་ འོང་བབས་ལེགས་ཤོམ་སྦེ་ འཐོབ་སྟེ་སྡོད་ཡོདཔ་ཨིན་རུང་ ལཱ་ཚུ་ལས་བརྟེན་ག་ར་མེདཔ་བཏང་ཡོདཔ་མ་ཚད་ ད་རེས་ ཞིང་ཚུ་ནང་ ལཱ་ཡང་འབད་མི་ཚུགས་པས་ཟེར་བཤདཔ་ཨིན་མས།

གཡུར་བ་སེལ་ནི་གི་ལཱ་གིས་ པདྨ་གླིང་གི་ ཁྱིམ་གུང་པ་༡༩ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་མས།

དལ་གཞི་ རྒྱལ་ཡོངས་ཞིང་ཆུའི་སྲིད་བྱུས་དང་འཁྲིལ་པ་ཅིན་ གཡུར་བ་སེལ་བའི་སྐབས་ གནོད་སྐྱོན་ཕོག་མི་ཚུ་གི་དོན་ལུ་ རྒུད་འཐུས་སྤྲོད་ནི་གི་ལམ་ལུགས་ཚུ་ འཁོད་དེ་མེདཔ་ཨིན་རུང་ སོ་ནམ་ལྷན་ཁག་གི་ཐུག་ལས་ ངག་ཐོག་ལུ་ རྒུད་འཐུས་ཚུ་སྤྲོད་ནི་ཟེར་ ཁས་ལེན་འབད་དེ་ཡོདཔ་སྦེ་ཨིན་མས།

པདྨ་གླིང་རྒེད་འོག་གི་དམངས་མི་ སངས་རྒྱས་དཔལ་འབྱོར་གྱིས་བཤད་མི་ནང་ སོ་ནམ་བློན་པོ་བགྲེསཔ་གིས་ གནོད་སྐྱོན་རྐྱབ་སྟེ་ཡོད་པའི་ས་གནས་ཚུ་ནང་ གཟིགས་བསྐོར་གནང་སྟེ་ བརྟག་ཞིབ་འབད་བར་ མཁས་མཆོག་ཚུ་བཏང་ནི་སྦེ་གསུངས་ཡི་ཟེར་ཨིན་མས།

དེ་ལས་ མཁས་མཆོག་ཚུ་ཡང་འོང་སྟེ་ བརྟག་ཞིབ་འབད་ཞིནམ་ལས་ ཉམས་རྒུད་བྱུང་མི་ཚུ་ལུ་ ལོ་ཐོག་མེདཔ་བཏང་ཡོད་ལུ་ རྒུད་འཐུས་བྱིན་ནི་སྦེ་ ཁ་བཟེད་ཡི་ཟེར་དམངས་མི་ སངས་རྒྱས་དཔལ་འབྱོར་གྱིས་བཤདཔ་ཨིན་མས།

ད་རེས་ ཞིང་ཆུའི་གཡུར་བ་འདི་སེལ་ཏེ་ ལོ་༤ འགྱོ་དོ་ཡོདཔ་ཨིན་རུང་ རྒུད་འཐུས་སྤྲོད་ནི་གི་སྐོར་ལས་ ལོ་རྒྱུས་རང་མི་འཐོན་དོ་ཡོདཔ་སྦེ་ཨིན་མས།

འདི་དང་གཅིག་ཁར་ སྤྱི་འོག་འདི་ནང་གི་མི་སེར་ཚུ་གིས་ ཟད་འགྲོ་དངུལ་ཀྲམ་ ས་ཡ་༤༤གནས་པའི་ ཞིང་ཆུའི་གཡུར་བ་གསརཔ་བཏོན་ནི་གི་དོན་ལུ་ དམངས་ཀྱི་ཉོགས་མེད་གན་རྒྱ་གུར་ མཚན་རྟགས་ཚུ་བཀོད་དེ་སྦེ་འདུག

ལས་འགུལ་གསརཔ་འདི་འགོ་བཙུགས་པའི་བསྒང་ལས་ ཧེ་མ་ རྩིས་ས་གིས་སྦེ་རྐྱབ་སྟེ་ཡོད་མི་ ཞིང་ཆུའི་གཡུར་བ་འདི་ སའི་འོག་ལུ་ཚུད་ནི་ཨིན་མས།

 བཀྲིས་ཆོས་གླིང་རྒཔོ་ སཱ་མིར་གྷི་རི་གིས་སླབ་མི་ནང་ ཧེ་མའི་ལས་འགུལ་ནང་ སྟབས་མ་བདེཝ་ག་དེ་སྦེ་ འཐོན་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ ཞིབ་དཔྱད་འབད་འོང་ཟེར་ཨིན་པའི་ཁར་ ལས་འགུལ་གསརཔ་ནང་ལུ་འབད་བ་ཅིན་ ཆུ་གདུང་འདི་ཚུ་ ཧེ་མ་ལས་ཡོད་པའི་ གཡུར་བ་ནང་བཙུགས་ཏེ་ ཆུའི་རྐ་འདི་ཡང་ མི་ཀྲར་༤༠༠་དེ་ཅིག་གི་ས་ཁར་ སྐྱེལ་ནི་ཟེར་ཨིན་མས།

 བསམ་རྩེ་གི་ རྫོང་ཁག་སོ་ནམ་འགོ་དཔོན་ཆོས་རྒྱལ་ནོར་བུ་གིས་འབད་བ་ཅིན་ ཆུ་གདུང་ཚུ་གིས་ ཆུ་རྒྱུན་ཆད་མེདཔ་སྦེ་བཏང་ཚུགསཔ་མ་ཚད་ ས་རུད་ཆད་ནི་ལས་ཡང་བཀག་ཚུགས་ཟེར་ཨིན་མས།

ད་རུང་ མི་སེར་ཚུ་ འཕྲལ་ཕྲལ་ར་ ཉམས་བཅོས་དང་རྒྱུན་སྐྱོང་གི་ལཱ་ཚུ་འབད་བར་ འགྱོ་མི་འཐོན་ཟེར་བཤད་ཅི།

ལས་འགུལ་གསརཔ་འདི་ རྐྱབ་ཚར་བའི་བསྒང་ལས་ པདྨ་གླིང་རྒེད་འོག་ནང་ཡོད་པའི་ ཆུ་བསིལ་སྒང་དགྲ་མེད་ས་སྤྱི་འོག་ནང་གི་ མི་སེར་ཚུ་ལུ་ཡང་ ཐད་ཀར་དུ་ ཁེ་ཕན་འབྱུང་ཚུགས་པའི་རེ་བ་འདུག

ད་རུང་ ཁོང་ཆ་ཁྱབ་ལུ་ དགོཔ་འཐོན་པ་ཅིན་ ཆུ་བཀྲམ་སྤེལ་གྱི་ས་གོ་ཚུ་ཡང་ བྱིན་ནི་ཨིན་རུང་ ལས་འགུལ་འདི་ འཆར་གཞི་བརྩམས་དོ་བཟུམ་སྦེ་རང་ འགྱོ་བཏུབ་མི་བཏུབ་འདི་ ལས་འགུལ་མཇུག་བསྡུ་ཞིནམ་ལས་རྐྱངམ་ཅིག་ ཧ་གོ་ཚུགས་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཤེས་རབ་རྡོ་རྗེ། བསམ་རྩེ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube