རྒྱལ་ཁབ་ནང་ ཆུ་གཙང་འདམ་རྫམ་ཚུ་ནང་ལས་ཕར་ བལྟ་བཤལ་ནང་འགྱོ་ནི་གི་ལས་རིམ་གཅིག་ གཞི་བཙུགས་འབད་དེ་ཡོདཔ།

༉ འབྲུག་བལྟ་བཤལ་ལམ་སྟོན་ཚོགས་པ་འདི་ གཞི་བཙུགས་འབད་དེ་ ལོ་ ༡༢ འཁོར་བའི་དུས་སྟོན་བརྩི་སྲུང་དང་འབྲེལ་ ད་རེས་འགོ་དང་པ་ རྒྱལ་ཁབ་ནང་ ཆུ་གཙང་འདམ་རྫམ་ཚུ་ནང་ལས་ཕར་ བལྟ་བཤལ་ནང་འགྱོ་ནི་གི་ལས་རིམ་གཅིག་ གཞི་བཙུགས་འབད་དེ་འདུག

འདི་ཡང་ ཐིམ་ཕུག་ སངས་རྒྱས་སྒང་གི་འོག་ལས་འབབ་མི་ ཐུགས་རྗེ་བྲག་གི་རོང་ཆུ་འདི་ རྒྱལ་ཁབ་ནང་ ཆུ་གཙང་འདམ་རྫམ་ཚུ་ནང་ལས་ཕར་ བལྟ་བཤལ་ནང་འགྱོ་སའི་ལམ་འགོ་དང་པ་སྦེ་ བཟོ་སྟེ་ཡོདཔ་ཨིན་མས།

རྐང་ལམ་འདི་ཡང་ མགྱོགས་པ་རང་ མི་དམངས་ཀྱི་དོན་ལུ་ སྒོ་ཕྱི་ནི་ཨིནམ་ད་ ལམ་འདི་བཟོ་ནི་ནང་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ རྒྱབ་སྐྱོར་འབད་དེ་འདུག

འབྲུག་བལྟ་བཤལ་ལམ་སྟོན་ཚོགས་པའི་ཁྲི་འཛིན་ དགའ་རབ་རྡོ་རྗེ་གིས་སླབ་མི་ནང་ ད་ལས་ཕར་ བལྟ་བཤལཔ་ཚུ་གིས་ ཆུ་ལྷམ་ཚུ་བཙུགས་ཏེ་ ཐུགས་རྗེ་བྲག་གི་ཆུ་འདི་བདའ་སྟེ་ ཀི་ལོ་མི་ཊར་ ༡ དེ་ཅིག་ རྐང་སྟོང་སྦེ་འགྱོ་ཚུགས་ཟེར་བཤད་ཅི།

འབྲུག་བལྟ་བཤལ་ལམ་སྟོན་ཚོགས་པ་གིས་ ནད་ཡམས་འཐོན་སྡོད་པའི་ནམ་དུས་ལུ་ དལཝ་སྦེ་མ་སྡོད་པར་ ལས་སྣ་མ་འདྲཝ་ཚུ་ནང་ འབྲེལ་གཏོགས་འབད་དེ་འདུག

འདི་ཡང་ རྒྱལ་ཁབ་ནང་ བལྟ་བཤལཔ་ཚུ་ ལོག་སྟེ་རང་འོང་བཅུག་པའི་སྐབས་ བལྟ་བཤལ་ལས་སྡེ་འདི་ ནུས་ཤུགས་ཅན་དང་ སྤྲོ་སྣང་ཅན་ཅིག་སྦེ་ བཟོ་ནི་གི་དོན་ལུ་ཨིན་མས།

འདས་པའི་ཟླཝ་ ༩ གི་ནང་འཁོད་ ཐིམ་ཕུག་གིས་མ་དོ་བར་ ལམ་སྟོན་པ་ཚུ་ཡོད་སའི་ རྒྱལ་ཁབ་ཀྱི་ས་གནས་ག་རའི་ནང་ ཕྱགས་བརྡར་རྐྱབ་ནི་ལཱ་ཚུ་འབད་དེ་འདུག

འདི་འབདཝ་ལས་ ལམ་སྟོན་པ་ ༨༠༠ དེ་ཅིག་ལུ་ ལཱ་གཡོག་གི་གོ་སྐབས་ཚུ་ བྱིན་ཚུགས་ཏེ་ཡོད་མི་དང་བསྟུན་ ད་རེས་ ལམ་སྟོན་པ་ཚུ་ཡང་ འབྲུག་ཡུལ་བཟོ་སྐྲུན་དང་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་ དེ་ལས་ སྟག་ཚང་གི་རྐང་ལམ་ཚུ་ ལོག་སྟེ་རང་བཟོ་ནི་ནང་ ལཱ་ཚུ་འབད་དོ་ཡོདཔ་ཨིན་མས།

ད་རུང་ ཚོགས་པ་འདི་གིས་ རྐང་ལམ་འདི་ འགོ་འབྱེད་འབད་མི་དང་བསྟུན་ ཚོགས་པ་འདི་གི་ ལོ་བསྟར་གྱི་གསར་ཤོག་འདི་ཡང་ གསར་བཏོན་འབད་དེ་ཡོདཔ་ཨིན།

སྤྱི་ལོ་ ༢༠༠༩ ལུ་ འཐུས་མི་ ༦༩ སྦེ་ གཞི་བཙུགས་འབད་དེ་ཡོད་མི་ བལྟ་བཤལ་ལམ་སྟོན་ཚོགས་པ་འདི་ ད་རེས་ རྒྱལ་ཁབ་ནང་ འཐུས་མི་ལེ་ཤ་སྦེ་ཡོད་པའི་ ཞི་བའི་མི་སྡེ་ལས་ཚོགས་སྦོམ་ཤོས་གཅིག་ཨིན་མས།

འདི་ཡང་ ད་རེས་ ཚོགས་པ་འདི་ནང་ འཐུས་མི་ ༤༦༠༠ དེ་ཅིག་ ཡོདཔ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube