ཡུ་ཨེསི་གིས་ ཇཱོན་སཱན་ཨེན་ཇཱོན་སཱན་ཟེར་མི་ ནད་ཡམས་ཀྱི་སྨན་ཁབ་འདི་ གཞུང་འབྲེལ་དུ་ ཆ་འཇོག་འབད་དེ་ཡོདཔ།

༉ ཡུ་ཨེསི་གིས་ ཇཱོན་སཱན་ཨེན་ཇཱོན་སཱན་ཟེར་མི་ ནད་འབུཔ་ཀོ་རོ་ན་ཝའི་རཱསི་གི་སྨན་ཁབ་འདི་ གཞུང་འབྲེལ་དུ་ ཆ་འཇོག་འབད་དེ་ཡོདཔ་ལས་ རྒྱལ་ཁབ་འདི་གིས་ ད་ལྟོ་ཚུན་ཚོད་ ནད་ཡམས་ཀྱི་སྨན་ཁབ་ ༣ ཆ་འཇོག་འབད་དེ་འདུག

ཇཱོན་སཱན་ཨེན་ཇཱོན་སཱན་ཟེར་མི་འདི་ཡང་ སྨན་དང་གསོ་བའི་ཅ་ཆས་ལ་སོགས་པ་ཚུ་བཟོ་མི་ ཨེ་མི་རི་ཀ་གི་ལས་སྡེ་གཅིག་ཨིན་མས།
བཱི་བཱི་སི་གི་སྙན་ཞུ་དང་འཁྲིལ་པ་ཅིན་ ལས་སྡེ་འདི་གིས་ ཡུ་ཨེསི་ལུ་ དུས་ཅི་ སྤྱི་ཟླ་ ༦ པའི་ནང་འཁོད་ སྨན་ཁབ་ས་ཡ་ ༡༠༠ བཀྲམ་སྤེལ་འབད་ནི་སྦེ་ ཁ་བཟེད་དེ་འདུག་ཟེར་ཨིན་མས།

ཁབ་ཐེངས་དང་པ་འདི་ ཤུལ་མའི་བདུན་ཕྲག་ནང་ལས་རང་ ཡུ་ཨེསི་གི་མི་སེར་ཚུ་ལུ་ བཙུགས་ནི་གི་ལས་རིམ་འདུག

བརྟག་དཔྱད་འབད་བའི་སྐབས་ སྨན་ཁབ་འདི་བཙུགས་ཞིནམ་ལས་ བདུན་ཕྲག་ ༤ གི་རྒྱབ་ལས་ ནད་ཡམས་ཀོ་ཝིཌ་ནའིན་ཊིན་ལུ་གདོང་ལེན་གྱི་ནུས་ཤུགས་འདི་ བརྒྱ་ཆ་ ༦༦ དེ་ཅིག་ཡོདཔ་སྦེ་མཐོང་ནུག

ད་རུང་ སྨན་ཁབ་འདི་ ཕའི་ཟར་དང་མོ་ཌར་ན་ཟེར་མི་ཚུ་དང་འཕྱདཔ་ད་ གོང་ཚད་རན་ཏོག་ཏོ་ཡོད་པའི་ཁར་ བཞག་ས་ཡང་ སྤྱིར་བཏང་གི་མཁྱེག་སྒྲོམ་ཚུ་ནང་ བཏུབ་པས་ཟེར་ཨིན་མས།

ཧེ་མ་ ཡུ་ཨེསི་གིས་ ཆ་འཇོག་འབད་དེ་ཡོད་མི་ ཕའི་ཟར་དང་མོ་ཌར་ན་གི་སྨན་ཁབ་ཚུ་བཟུམ་སྦེ་མེན་པར་ ཇཱོན་སཱན་ཨེན་ཇཱོན་སཱན་ཟེར་མི་སྨན་ཁབ་འདི་ ཁབ་ཐེངས་ ༡ གིས་བཏུབ་སྦེ་ བཟོ་སྟེ་ཡོདཔ་ཨིན་མས།

ཕའི་ཟར་དང་མོ་ཌར་ན་གི་སྨན་ཁབ་འདི་འབད་བ་ཅིན་ ཁབ་ཐེངས་ ༢ དེ་རེ་རྐྱབ་དགོཔ་ཨིན་མས།

སྨན་ཁབ་གསརཔ་ཆ་འཇོག་འབད་དེ་ཡོད་མི་འདི་ ཡུ་ཨེསི་དང་སཱའོཌ་ཨེཕེ་རི་ཀ་ དེ་ལས་ ལེ་ཊིན་ཨེ་མི་རི་ཀ་ཚུ་ནང་ མི་སྟོང་ཕྲག་ ༤༤ དེ་ཅིག་ལུ་ བརྟག་དཔྱད་འབད་དེ་ཡོདཔ་སྦེ་ཨིན་མས།

རྒྱལ་སྤྱིའི་བརྡ་བརྒྱུད་ལས་ཁང་ཚུ་གི་སྙན་ཞུ་དང་འཁྲིལ་པ་ཅིན་ ཡུ་ཀེ་དང་ཡུ་རོ་པི་ཡན་སྤྱི་བསྡོམས་ཚོགས་པ་ དེ་ལས་ ཀེ་ན་ཌ་རྒྱལ་ཁབ་ཚུ་གིས་ཡང་ ཇཱོན་སཱན་ཨེན་ཇཱོན་སཱན་ཟེར་མི་སྨན་ཁབ་འདི་ མཁོ་མངག་འབད་དེ་འདུག་ཟེར་ཨིན་མས།

འདི་བཟུམ་སྦེ་ ཀོ་ཝེསི་ཕེ་སི་ལི་ཊི་ཟེར་མི་ སྨན་ཁབ་བཀྲམ་སྤེལ་ལས་རིམ་གྱིས་ཡང་ རྒྱལ་ཁབ་སྤྱང་ཀ་ཚུ་ལུ་ བཀྲམ་ནི་གི་དོན་ལས་ སྨན་ཁབ་འདི་ ས་ཡ་ ༥༠༠ མཁོ་མངག་འབད་དེ་ཡོདཔ་ཨིན་མས།

 

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube