བུམ་ཐང་ ཐར་པ་གླིང་དགོན་པ་གི་ས་ཁོངས་ནང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་འདི་ གདོང་ལེན་འབྱུང་དོ་ཡོདཔ།
སྤྱི་ཟླ་༢ པའི་ཚེས་ ༢༥ ༢༠༢༡༉ བུམ་ཐང་རྫོང་ཁག་ནང་ཡོད་པའི་ ཐར་པ་གླིང་དགོན་པ་ལུ་ ལྷ་ཁང་དང་བྱིན་ཅན་གྱི་གནས་མ་འདྲཝ་ཚུ་མཇལ་བར་ མི་བརྒྱ་ལས་བཅད་དེ་འོང་དོ་ཡོདཔ་ལས་ ས་གནས་འདི་ནང་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་དཀའ་ངལ་ཚུ་ འཐོན་དོ་ཡོདཔ་ཨིན་མས།
འདི་ཡང་ རྫོང་ཁག་གི་ཕྱགས་སྙིགས་བཀོ་སའི་ས་སྒོ་འདི་ དགོན་པ་འདི་ཁར་ལས་ ཀི་ལོ་མི་ཊར་ ༢༥ ལྷགཔ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ལས་ ཕྱགས་སྙིགས་ཚུ་བཀོ་ནི་འདི་ གདོང་ལེན་སྦོམ་ཤོས་ཅིག་སྦེ་འཐོན་འདུག
དལ་གཞི་ ས་གནས་ནང་སྡོད་མི་ཚུ་གིས་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་གི་དོན་ལུ་ ཕྱགས་བརྡར་རྐྱབ་ནི་གི་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ དགོན་པ་འདི་གིས་ འབྲེལ་ཡོད་དབང་འཛིན་ཚུ་ནང་ལས་ རྒྱབ་སྐྱོར་མང་སུ་ཅིག་སྦེ་ འཚོལ་དོ་ཡོདཔ་ཨིན་མས།
འཕྲལ་ཁམས་ཅིག་ཁར་ མི་སྡེ་གཞི་བཞག་གི་ཨིསི་ཀའུཊསི་དང་ ཆུ་མིག་ལུ་ཡོད་པའི་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ནང་ ད་རེས་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱི་སྦྱོང་བརྡར་པ་ཚུ་ཡོད་པའི་ ཁས་བླངས་པ་སྡེ་ཚན་གཅིག་གིས་ དགོན་པ་འདི་གི་ས་ཁོངས་ཆ་མཉམ་རང་ ཕྱགས་བརྡར་རྐྱབ་སྟེ་འདུག
དགོན་པ་འདི་ཁར་ཡོད་པའི་ ཕྱགས་སྙིགས་བླུགས་སའི་མཐུན་རྐྱེན་མང་ཤོས་ཅིག་རང་ ལྟེམ་ལྟེ་སྦེ་གང་སྟེ་ཡོད་པའི་ཁར་ ལ་ལུ་ཅིག་ནང་ལས་ ཕྱགས་སྙིགས་ཚུ་འཐུ་བཀོ་རང་མ་བཀོ་བར་ ལོ་ལྷགཔ་ཅིག་ཡང་འགྱོ་སྟེ་ཡོདཔ་སྦེ་ མཐོངམ་ཨིན་མས།
ཕྱགས་བརྡར་རྐྱབ་ནི་གི་ལས་རིམ་འདི་ཡང་ བུམ་ཐང་ལུ་ཡོད་པའི་ གིརིན་བྷུ་ཊན་ཟེར་མི་ ཕྱགས་སྙིགས་འཛིན་སྐྱོང་འཐབ་མི་ལས་སྡེ་གིས་ འགོ་འདྲེན་འཐབ་སྟེ་འདུག
ལས་སྡེ་འདི་ཡང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ནང་ བརྩོན་ཤུགས་བསྐྱེད་མི་ སྒེར་གྱི་ལས་སྡེ་གཅིག་ཨིནམ་ད་ ལས་སྡེ་འདི་གིས་ འདས་པའི་ལོ་ ༤ གི་རིང་ ཕྱགས་སྙིགས་བསྡུ་ལེན་དང་ བཀོ་ནི་གི་ཞབས་ཏོག་ཚུ་ བྱིན་ཏེ་རང་ཡོདཔ་ཨིན་མས།
ལས་སྡེ་འདི་གི་ཇོ་བདག་ ཆོས་རྒྱལ་ལྷམོ་གིས་སླབ་མི་ནང་ ཐར་པ་གླིང་ལུ་ ཕྱགས་བརྡར་རྐྱབ་ནི་གི་ལས་རིམ་འདི་ འདས་པའི་ལོ་ ༣ གྱི་རིང་ འགོ་འདྲེན་འཐབ་སྟེ་ཡོད་རུང་ ད་རེས་ཡང་ ཕྱགས་སྙིགས་ཚུ་མར་ཕབ་མ་འགྱོ་བ་ཡོདཔ་ལས་ ཚ་གྱང་ཆེ་བའི་གནད་དོན་གཅིག་སྦེ་ འཐོན་ཏེ་ཡོད་ཟེར་བཤད་ཅི།
འདི་ཡང་ མོ་དང་འཁྲིལ་པ་ཅིན་ ལོ་རྟག་རང་ དགོན་པ་འདི་ཁར་ལས་ ཕྱགས་སྙིགས་སྣུམ་འཁོར་ཀྲག་ ༤ དེ་རེ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་རུང་ དུས་ཅི་ སྣུམ་འཁོར་ཀྲག་ ༦ དེ་ཅིག་ བསྡུ་ལེན་འབད་དགོཔ་འཐོན་ཡི་ཟེར་ཨིན་མས།
འདི་བཟུམ་སྦེ་ ཁོང་ཁས་བླངས་པ་ཚུ་གིས་བཤད་མི་ནང་ ཐར་པ་གླིང་དགོན་པ་འདི་ བྱིན་ཅན་གྱི་ས་སྒོ་ཅིག་ཨིན་རུང་ ཡུདཔ་ཅིག་ ས་ཁོངས་ག་རའི་ནང་ ཕྱགས་སྙིགས་ཚུ་གང་སྟེ་ཡོདཔ་ལས་ གནས་སྐོར་ནང་འོང་མི་ཚུ་གིས་ སྣང་མེད་བསྐྱུར་ཏེ་བཞགཔ་ཨིན་ན་དང་ ཡང་ན་ ཁྲོམ་སྡེའི་ཁ་ཐུག་ལས་ ཕྱགས་སྙིགས་བསྡུ་ལེན་གྱི་ལམ་ལུགས་འདི་མེདཔ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་མས།
ད་རེས་ ཐར་པ་གླིང་དགོན་པ་ལུ་ ལྷ་ཁང་ ༥ དང་ མཚམས་ཁང་ལེ་ཤ་ཅིག་རང་ཡོདཔ་ཨིན་མས།
ཕྱགས་སྙིགས་ཚུ་ཡང་ གནས་སྐོར་ནང་འོང་མི་ཚུ་གིས་མ་དོ་བར་ དགོན་པ་འདི་ཁར་ དགེ་སློང་དང་མཚམས་བཅད་མི་ དེ་ལས་ སྒོམ་ཉམས་ལེན་འབད་མི་ ༡༥༠ ལྷགཔ་ཅིག་ཡོད་མི་འདི་གིས་ཡང་ བཀང་དོ་ཡོདཔ་སྦེ་ཨིན་མས།
ཕྱགས་སྙིགས་བླུགས་སའི་མཐུན་རྐྱེན་ཚུ་ནང་ ཆུ་ཤོག་ལས་འགོ་བཙུགས་ཏེ་ དམ་སྦྱིས་དང་གཙང་རས་བཟུམ་གྱི་ ཕྱགས་སྙིགས་ཀྱི་རིགས་ཆ་མཉམ་རང་ བཀོ་སར་མཐོངམ་ཨིན་མས།
དགོན་པ་འདི་གི་དྲུང་ཆེན་ ཀརྨ་ལས་སྐྱིད་ཀྱིས་བཀོད་མི་ནང་ དགོན་པ་གི་ས་ཁོངས་ནང་ ཕྱགས་སྙིགས་འཛིན་སྐྱོང་གི་ཐད་ཁར་ ད་རུང་ཡང་ འབད་དགོཔ་ལེ་ཤ་ཅིག་རང་འདུག་ཟེར་བཤད་ཅི།
འདི་ཡང་ ཁོ་གིས་སླབ་མི་ནང་ དགོན་པ་འདི་ལུ་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་གི་ཐད་ཁར་ མ་དངུལ་ལོགས་སུ་སྦེ་མེདཔ་ལས་ རྫོང་ཁག་བདག་སྐྱོང་ལུ་ ཕྱགས་སྙིགས་ཚུ་ དུས་རྒྱུན་དུ་རང་བཀོ་ནི་ནང་ རྒྱབ་སྐྱོར་ཚུ་གནང་དགོཔ་སྦེ་ ཞུ་བ་འབད་དེ་ཡོད་ཟེར་ཨིན་མས།
རྫོང་ཁག་མཐའ་འཁོར་འགོ་དཔོན་ ཉི་མ་དབང་མོ་དང་འཁྲིལ་པ་ཅིན་ རྒེད་འོག་འདི་ནང་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་ཀྲག་གི་གྱངས་ཁ་འདི་ ཚད་གཅིག་ལས་བརྒལ་མེད་མི་ལུ་བརྟེན་ ཕྱགས་སྙིགས་བསྡུ་ལེན་འབད་ནི་འདི་ གདོང་ལེན་ཅན་ཅིག་སྦེ་རང་ཡོད་ཟེར་བཤད་ཅི།
ད་རུང་ མོ་གིས་བཤད་མི་ནང་ མི་སྡེ་དང་གཙུག་སྡེ་ཚུ་གིས་ ཕྱགས་སྙིགས་ཚུ་བཀོ་ནི་ནང་ རྒྱབ་སྐྱོར་ལེན་ནི་གི་དོན་ལུ་ ཁོང་རའི་རྒེད་འོག་བདག་སྐྱོང་ཚུ་ལུ་ གྲོས་འཆར་ཚུ་བཀོད་དགོཔ་འདུག་ཟེར་ཨིན་མས།
འདི་དང་གཅིག་ཁར་ བུམ་ཐང་ཁྲོམ་སྡེ་ལུ་ མགྱོགས་པ་རང་ ཕྱགས་སྙིགས་བསྡུ་ལེན་འབད་མི་ སྣུམ་འཁོར་གསརཔ་གཅིག་ལྷོད་ནི་ཨིནམ་ད་ སྣུམ་འཁོར་འདི་ཡང་ རྒེད་འོག་ཚུ་ནང་ལས་ ཕྱགས་སྙིགས་ཚུ་བསྡུ་ལེན་འབད་བར་ གཏང་ནི་གི་འཆར་གཞི་འདུག








རྒྱང་བསྒྲགས་དང་མཐུད་འབྲེལ།