ནད་ཡམས་ཀྱི་ནམ་དུས་ལུ་ཡང་ གདུང་བསམ་རྩིས་ས་ལས་འཛིན་གྱིས་ རྩིས་ས་ཚུ་བཀྲམ་སྤེལ་འབད་དེ་རང་ཡོདཔ།

༉ པདྨ་དགའ་ཚལ་ ངང་ལམ་ལུ་ཡོད་པའི་ གདུང་བསམ་རྩིས་ས་ལས་འཛིན་གྱིས་ རྒྱལ་ཁབ་ནང་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོན་སྡོད་པའི་ནམ་དུས་ལུ་ཡང་ རྩིས་ས་བཟོ་ནི་གི་ལཱ་ཚུ་ འཕྲོ་མཐུད་དེ་རང་ འབད་ཚུགས་ཏེ་འདུག

འདི་བཟུམ་སྦེ་ ལས་སྡེ་འདི་གིས་ དབང་འདུས་ཕོ་བྲང་དང་ཀྲོང་གསར་ལུ་ གློག་མེ་ལས་འགུལ་རྐྱབ་པའི་བསྒང་ཡོད་ས་ལས་ཕར་ རྩིས་ས་ཚུ་ཡང་ ཆད་ནི་རང་མེད་པར་ བསྐྱེལ་ཚུགས་ཏེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ རྩིས་ས་བསྐྱེལ་མི་དེད་གཡོགཔ་ཆ་ཁྱབ་ བདུན་ཕྲག་གཅིག་གི་རིང་ ཟུར་བཞག་ནང་ལུ་སྡོད་མ་དགོ་པའི་ཐབས་ལུ་ གདུང་བསམ་རྩིས་ས་ལས་འཛིན་གྱིས་ དེད་གཡོགཔ་ཚུ་ གཞན་མི་ཚུ་དང་ཅིག་ཁར་ འབྲེལ་འཐབ་མ་བཅུག་པར་ ས་སྒོ་ལོགས་སུ་སྦེ་རང་བཟོ་སྟེ་ བཞག་ནི་འདི་གིས་ཨིན་མས།

གདུང་བསམ་རྩིས་ལས་འཛིན་གྱི་ སྐྱེལ་འདྲེན་འགོ་འཛིན་ ཀུན་ཏུ་གིས་སླབ་མི་ནང་ དེད་གཡོགཔ་ཚུ་ རྩིས་ས་བསྐྱེལ་ཚརཝ་ཅིག་རང་ ལོག་འོང་ཞིམ་ལས་ ཤུལ་མའི་དོ་བསྐྱེལ་ནི་གི་གོ་སྐབས་མ་རན་ཚུད་ཚོད་ ཕྱི་ཁའི་མི་ཚུ་དང་ཅིག་ཁར་འབྲེལ་བ་མ་འཐབ་པར་ ས་སྒོ་དེ་ཁ་ལུ་ སྡོད་དགོ་ཟེར་ཨིན་མས།

འདི་བཟུམ་སྦེ་ ས་སྒོ་དེ་ཁ་ལུ་ལྷོད་པའི་སྐབས་ སྒོ་ར་ནང་ལས་འཛུལཝ་ད་རང་ སྣུམ་འཁོར་ཊག་གུ་ལུ་ སྨན་ཆུ་བཏོར་དོ་ཡོདཔ་མ་ཚད་ དེད་གཡོགཔ་གི་དྲོད་ཤུགས་ལྟ་རྟོག་འབད་ནི་དང་ ལགཔ་ཚུ་ཡང་ འཁྱུ་བཅུག་དོ་ཡོདཔ་སྦེ་བཤད་ཅི།

ལྟེ་བ་འདི་ཡང་ བདེ་སྲུངཔ་ཚུ་གིས་ ཉིན་ནུབ་མེད་པར་ དམ་དམ་སྦེ་རང་ ལྟ་རྟོག་འབད་དོ་ཡོདཔ་ཨིན་མས།

ཨིན་རུང་ རྩིས་ས་བསྐྱལ་མི་སྣུམ་འཁོར་གྱི་དེད་གཡོདཔ་ཚུ་ ཁོང་རའི་བཟའ་ཚང་ཚུ་དང་ཅིག་ཁར་ ཕྱད་མ་ཚུགས་པར་ ཧ་ལམ་ཟླཝ་༥དེ་ཅིག་འགྱོ་སྟེ་འདུག

འདི་ཡང་ ངང་ལམ་འདི་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་ ཉེན་ཁ་ཆེ་བའི་ས་སྒོ་ཅིག་ཨིནམ་སྦེ་ གསལ་བསྒྲགས་འབད་བའི་ཤུལ་ ལུས་སོངཔ་སྦེ་བཤད་ཅི།

པདྨ་དགའ་ཚལ་ གདུང་བསམ་རྩིས་ས་ལས་འཛིན་འདི་  རྒྱལ་ཁབ་ནང་ལུ་ རྩིས་ས་བཟོ་་མི་ལས་སྡེ་ སྦོམ་ཤོས་ཅིག་ཨིནམ་སྦེ་བཤད་ཅི།

 

གནས་ཚུལ་བསྡུ་ལེན་པ་ འཕྲིན་ལས་རྡོ་རྗེ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube