བྷུ་ཊན་ཀོན་ཀཱསཊ་ལས་སྡེ་གི་ཇོ་བདག་རྩིས་ཏེ་ མི་ངོམ་༡༤ལུ་ ཕྱིའི་ལས་མི་ཁྱིད་འོང་པའི་ཉེས་འཛུགས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བྷུ་ཊན་ཀོན་ཀཱསཊ་ཟེར་མི་ སྒེར་གྱི་ལས་སྡེ་གི་ཇོ་བདག་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དེ་ལས་ ལས་བྱེདཔ་གཞན་མི་༡༢ལུ་ ཁྲིམས་འགལ་གྱི་ཐོག་ལས་ ཕྱིའི་ལས་མི་ཁྱིད་འོང་པའི་ཉེས་འཛུགས་ཀྱི་གནད་དོན་འདི་ ཁ་ཙ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལུ་བསྐྱེལ་ནུག

བྷུ་ཊན་ཀོན་ཀཱསཊ་ཟེར་མི་ལས་སྡེ་འདི་ སྤ་ས་ཁ་ལུ་ གཞི་བཙུགས་འབད་དེ་ཡོདཔ་ད་ ལས་སྡེ་འདི་གིས་ ལྕགས་བཟོ་ནི་གི་རྒྱུ་ཆ་བཏོན་ནི་དང་འབྲེལ་བའི་ ལཱ་འབད་དོ་ཡོདཔ་ཨིན་མས།

བྷུ་ཊན་ཀོན་ཀཱསཊ་གི་ཕྱིའི་ལས་མི་༥འདི་ ན་ཧིང་ སྤྱི་ཟླ་༡༡པའི་ནང་ལུ་ གནང་བ་མེད་པར་ རྒྱལ་ཁབ་ནང་ལུ་འཛུལ་ཡོད་པའི་དོགས་པ་ལས་བརྟེན་ཏེ་ བཟུང་ནུག

ཁོང་ཆ་ཁྱབ་ སྤ་ས་ཁ་ཨ་ལེ་ལུ་ཡོད་པའི་ ཅ་དམ་ཡིག་ཚང་ནང་ལས་ ལས་སྡེ་འདི་གི་དོན་ལུ་ རྒྱུ་ཆ་འབག་འོང་མི་སྣུམ་འཁོར་ཊག་ནང་ལུ་བཙུགས་ཏེ་ ཁྱིད་འོང་ནུག་ཟེར་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་འཁྲིལ་བ་ཅིན་ ལས་སྡེ་འདི་གི་ཇོ་བདག་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གཉིས་མ་གཏོགས་ གཞན་མི་ག་ར་ བཟུང་སྟེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ཁོང་གཉིས་འདི་ ས་མཚམས་ཕྱི་ཁ་ལུ་ སྡོད་ནི་འདི་གིས་ཨིནམ་སྦེ་བཤད་ཅི།

ཞིབ་དཔྱད་འབད་བའི་སྐབས་ལུ་ ལས་སྡེ་འདི་གི་ཇོ་བདག་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གཉིས་ཀྱིས་ ས་མཚམས་སྒོ་སྡམ་སྟེ་ཡོད་རུང་ ཁྲིམས་འགལ་གྱི་ཐོག་ལས་ རྒྱལ་ཁབ་ནང་ན་དང་ཕྱི་ཁ་ལུ་ ཚར་ལེ་ཤ་ཅིག་རང་ འགྱོ་སྟེ་འདུག་ཟེར་ཨིན་མས།

རྩོད་ཟླ་མང་ཤོས་ཅིག་ལུ་རང་ ཁྲིམས་འགལ་གྱི་ཐོག་ལས་ རྒྱལ་ཁབ་ནང་ན་འཛུལ་མི་དང་ ཉེས་ཅན་འཚེར་གཟན་དང་ འབངས་ཀྱི་བདེ་སྲུང་དང་ལྷོད་འཇགས་ཀྱི་བར་རྐྱེན་ལས་འགལ་བའི་ཉེས་འཛུགས་ཚུ་ བཀལ་དོ་ཡོདཔ་ཨིན་མས།

བཀོད་ཁྱབ་གཙོ་འཛིན་འགོ་དཔོན་རྩིས་ཏེ་ ཁོང་བཞི་ལུ་ ཚུལ་མིན་གྱི་ཐོག་ལས་ ཕྱི་ཁའི་མི་ནང་ན་ཁྱིད་འོང་ནི་ནང་ ཆ་རོགས་ཚུ་འབད་ཡོད་པའི་ ཉེས་འཛུགས་བཀལ་ཏེ་འདུག

གནད་དོན་འདི་ནང་ལུ་ འབྲུག་མི་འདི་ ལས་སྡེ་འདི་གི་བདག་སྐྱོང་འགོ་དཔོན་ཅིག་ཚུད་དེ་ཡོད་པའི་དོགས་པ་ཡོདཔ་ད་ བདག་སྐྱོང་འགོ་དཔོན་འདི་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ཏེ་ བྱ་ངན་འདི་གི་སྐོར་ལས་ སྙན་ཞུ་འབད་ནི་ནང་ འཐུས་ཤོར་ཡོད་པའི་ཉེས་འཛུགས་བཀལ་དོ་ཡོདཔ་ཨིན་མས།

འདི་ཡང་ བདག་སྐྱོང་འགོ་དཔོན་འདི་ལུ་ ལས་སྡེ་འདི་གི་དེད་གཡོགཔ་ཅིག་གིས་ གནད་དོན་འདི་གི་སྐོར་ལས་ སླབ་སྟེ་ཡོད་རུང་ ཁོ་གིས་ ཁྲིམས་སྲུང་འགག་པ་དང་ ཀོ་ཝིཊ་ནའིན་ཊིན་གྱི་ལས་བྱེད་ཚོགས་ཆུང་ལུ་ སྙན་ཞུ་མ་འབད་བས་ཟེར་ཨིན་མས།

དྲུང་ཁག་ཁྲིམས་ཀྱི་འདུན་ས་གིས་ གནད་དོན་འདི་གུ་ལུ་ སྙན་གསན་འགོ་དང་པ་འདི་ གཟའ་མིག་དམར་གྱི་ཚེས་ འགོ་འདྲེན་འཐབ་ནི་གི་ལས་རིམ་འདུག

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དཔལ་འབྱོར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube