ཚ་རིམས་སྨན་བཅོས་ཁང་ཚུ་ནང་ལས་ཕར་ མི་དེ་ཅིག་རང་ མི་འོང་དོ་ཡོདཔ།

འགྲོ་འགྲུལ་བཀག་དམ་གྱི་ནམ་དུས་ལུ་ ཚ་རིམས་སྨན་བཅོས་ཁང་ཚུ་ནང་ལུ་ཉིནམ་རེ་ནང་ མི་༤༠༠དེ་རེ་འོང་ཡོད་རུང་ ད་རེས་ ཉིནམ་རེ་ནང་ མི་༡༠༠ཡང་ མི་འོང་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ ད་རེས་ནངས་པར་ ཚ་རིམས་སྨན་བཅོས་ཁང་ཚུ་ནང་ལས་ཕར་ མི་དེ་ཅིག་རང་ མི་འོང་དོ་ཡོདཔ་ཨིན་མས།

གསོ་བའི་ལྷན་ཁག་གི་ ལས་རིམ་གཙོ་འཛིན་འགོ་དཔོན་ རིན་འཛིན་རྒྱ་མཚོ་གིས་སླབ་མི་ནང་ ཚ་རིམས་སྨན་བཅོས་ཁང་ནང་ལུ་ མི་འོང་མི་ དེ་སྦེ་མར་ཕབ་འགྱོ་མི་འདི་ཡང་ མི་མང་བརྟག་དཔྱད་ཀྱི་ལས་རིམ་འགོ་འདྲེན་འཐབ་ནི་འདི་གིས་ཨིནམ་འོང་ནི་མས་ཟེར་བཤད་ཅི།

ཐིམ་ཕུག་ལུ་ཡང་ མི་མང་བརྟག་དཔྱད་འབད་ནི་གི་ལས་རིམ་འགོ་འདྲེན་འཐབ་པའི་ཤུལ་ལུ་ ཚ་རིམས་སྨན་བཅོས་ཁང་ནང་ལུ་འོང་མི་འདི་ བརྒྱ་ཆ་༤༠དེ་ཅིག་གིས་ མར་ཕབ་འགྱོ་སྟེ་ཡོདཔ་སྦེ་བཤད་ཅི།

ད་རུང་ ལྷན་ཁག་གིས་ཁ་ཐུག་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ལུ་འགྱོ་མི་ཚུ་ཡང་ སྨན་བཅོས་ཁང་ལོགས་སུ་སྦེ་རང་གཞི་བཙུགས་འབད་དེ་ བརྟག་དཔྱད་འབད་དེ་ཡོདཔ་ཨིན།

ཨིན་རུང་ ལས་རིམ་གཙོ་འཛིན་འགོ་དཔོན་ རིན་འཛིན་རྒྱ་མཚོ་གིས་སླབ་མི་ནང་ མི་ཚུ་ཚ་རིམས་བཟུམ་གྱི་ནད་གཞི་ཐོབ་པ་ཅིན་ སྨན་བཅོས་ཁང་ནང་ལུ་མ་འོང་པར་ སྡོད་ནི་མི་འོང་ཟེར་ཨིན་མས།

དེ་སྦེ་ འོང་པ་ཅིན་ མི་སྡེ་ནང་ལས་ ནད་འབུཔ་ཀོ་རོ་ན་ཝའི་རཱས་འཕྱེལ་འགྱོ་ནི་ལས་ཡང་ བཀག་ཚུགས་ནི་ནང་ཕན་ཐོགས་ཡོད་ཟེར་བཤད་ཅི།

འགྲོ་འགྲུལ་བཀག་དམ་ཐེངས་༢པ་འགོ་བཙུགས་པའི་ཤུལ་ རྒྱལ་ཁབ་ནང་གི་ ཚ་རིམས་སྨན་བཅོས་ཁང་ཚུ་ནང་ལས་ཕར་ མི་སྟོང་ཕྲག་༤༠ལྷགཔ་ཅིག་ འོང་ཡོདཔ་ཨིན་མས།

འདི་གི་ནང་ལས་ མི་སྟོང་ཕྲག་༡༠ལྷགཔ་ཅིག་འདི་ ཐིམ་ཕུག་གི་ཚ་རིམས་སྨན་བཅོས་ཁང་ཚུ་ནང་ལས་ཕར་ འོང་སྟེ་འདུག

གནས་ཚུལ་བསྡུ་ལེན་པ་ ཀུན་ལེགས་སྒྲོལམ་།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube