སློབ་གྲྭ་ཚུ་ཤུལ་མའི་ཟླཝ་ནང་ལས་འགོ་བཙུགས་ནི།

རྒྱལ་ཁབ་ནང་འཁོད་ཀྱི་སློབ་གྲྭ་ཚུ་ ཤུལ་མའི་ཟླཝ་ནང་ལས་ འགོ་བཙུགས་ནི་ཨིན་མས། འདི་ཡང་ སློབ་རིམ་༤པ་ལས་༨པ་ཚུན་ཚོད་ཀྱི་སློབ་ཕྲུག་ཚུ་ སྤྱི་ཟླ༢པའི་སྤྱི་ཚེས་༣གྱི་ཚེ་ལས་ སློབ་གྲྭ་ནང་ལུ་འོང་དགོ་ནི་ཨིན་རུང་ སློབ་རིམ་༣པ་དང་འདི་གི་མན་ཆད་འབད་མི་སློབ་ཕྲུག་ཚུ་ སྤྱི་ཟླ་༢པའི་སྤྱི་ཚེས་༡༥ལུ་ འོང་དགོ་ནི་ཨིན་མས།

ཨིན་རུང་ སྤུ་ན་ཁ་དང་དབང་འདུས་ཕོ་བྲང་ དེ་ལས་ བསམ་རྩེ་ལུ་ ཕན་ཚོགས་གླིང་གི་ སློབ་ཕྲུག་ཚུ་ཡོད་མི་སློབ་གྲྭ་འདི་ཚུ་ དུས་ཅི་ སྤྱི་ཟླ་༤པའི་ནང་ལུ་མ་གཏོགས་ སྒོ་ཕྱི་མ་ཚུགས་ནི་ཨིན་མས།

ཨ་ལུ་ཚུ་ཡང་ ཕུན་ཚོགས་གླིང་འདི་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་ཉེན་ཁ་ ཆེ་སུ་སྦེ་རང་ཡོདཔ་སྦེ་གསལ་བསྒྲགས་འབད་བའི་ཤུལ་ རྫོང་ཁག་འདི་ཚུ་གི་ནང་ལས་ཕར་ བཏང་དགོཔ་ཐོན་ཏེ་འདུག

ད་རེས་ཟླཝ་འགོ་བཙུགས་ཁམས་ཅིག་ཁ་ལུ་ འགྲོ་འགྲུལ་བཀག་དམ་ཡངས་ཆག་བཏང་པའི་ཤུལ་ལུ་ རྒྱལ་ཁབ་ནང་གི་སློབ་གྲྭ་མང་ཤོས་ཅིག་རང་ ལོག་འགོ་བཙུགས་ཏེ་ཡོདཔ་ཨིན།

སློབ་གྲྭ་དེ་སྦེ་སྒོ་ཕྱི་མི་ཚུ་ཡང་ སློབ་རིམ་༩པ་ཡན་ཆད་ཡོད་པའི་སློབ་གྲྭ་ཚུ་ཨིནམ་ད་ སློབ་གྲྭ་འདི་ཚུ་གི་ནང་ལས་ཕར་ སྤྱི་ཟླ་༢པ་དང་༣པའི་ནང་ལུ་ ཆོས་རྒྱུགས་ཚུ་ཡང་ འགོ་འདྲེན་འཐབ་དགོ་ནི་ཨིན་མས།

སློབ་རིམ་ཆེ་བའི་སློབ་ཕྲུག་གསརཔ་ཚུ་ཡང་ སློབ་གྲྭ་ནང་ལུ་ དུས་ཅི་ སྤྱི་ཟླ་༤པའི་ནང་ལུ་ འོང་དགོ་ནི་ཨིན་རུང་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༢པ་ཚུན་ཚོད་ཀྱི་སློབ་ཁང་ཡོད་པའི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་བཀུག་ནི་གི་ཚེས་གྲངས་ཐད་ཁར་ བདེ་ཐབས་སྒྲིག་དགོ་ནི་ཨིན་མས།

འདི་ཡང་ སློབ་རིམ་༩པ་ལས་༡༢པའི་ཆོས་རྒྱུགས་ལུ་ བར་ཆད་རྐྱབ་མི་བཅུག་ནི་དང་ སློབ་ཕྲུག་ལེ་ཤ་སྦེ་འཛོམས་ནི་ལས་ བཀག་ཆ་འབད་ནི་གིས་དོན་ལུ་ཨིན་མས།

ཤེས་རིག་ལྷན་ཁག་འོག་གི་ འཆར་གཞི་ལས་ཚན་གྱི་གཙོ་འཛིན་ ཀུན་ལེགས་རྒྱལ་མཚན་གྱིས་སླབ་མི་ནང་ སློབ་གྲྭ་འདི་ཚུ་གི་ནང་ལུ་ བློ་གསར་སློབ་རིམ་ལས་སློབ་རིམ་༨པ་ཚུན་གྱི་སློབ་ཕྲུག་ཚུ་ ནམ་འོང་བཅུག་ནི་ཨིན་ནའི་ཐད་ཁར་ རྫོང་ཁག་དང་ཁྲོམ་སྡེ་ཤེས་རིག་འགོ་དཔོན་ཚུ་ལུ་ སློབ་དབུ་འཛིན་ཚུ་དང་ཅིག་ཁར་བསྟུན་གྲོས་འབད་དེ་ ཐབས་ལམ་ཚུ་སྟོན་དགོཔ་སྦེ་སླབ་སྟེ་ཡོད་ཟེར་བཤད་ཅི།

སློབ་ཕྲུག་ཆ་ཁྱབ་ སློབ་གྲྭ་ནང་ལུ་ ཡུན་རིང་གི་རྒྱབ་ལས་འོང་པའི་སྐབས་ལུ་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཚུ་ནང་ལས་ཕར་ གསོ་བའི་སྒྲིག་གཞི་ལུ་ དམ་དམ་སྦེ་རང་ གནས་བཅུག་ནི་ཨིན་མས། འདི་བཟུམ་སྦེ་ ཤེས་རིག་ལྷན་ཁག་གིས་ ཨ་ལུ་དང་ཕམ་ཚུ་ ཚོང་ཁང་ནང་ལུ་ ཉོ་ཚོང་གི་དོན་ལུ་ ལེ་ཤ་སྦེ་འཛོམས་མི་བཅུག་ནི་གི་དོན་ལས་ཡང་ སྒྲིག་བགོ་དང་ཀེ་དེབ་བཀྲམ་སྤེལ་བ་དང་ རྫོང་ཁག་དང་ཁྲོམ་སྡེ་འཛིན་སྐྱོང་ཚུ་ ཁ་སླབ་བཅུག་ནི་གི་ཐབས་ལམ་ལུ་ བལྟ་བའི་བསྒང་རང་ཡོདཔ་སྦེ་ཨིན་མས།

ད་རུང་ ཤེས་རིག་ལྷན་ཁག་གིས་ རྒྱལ་ཁབ་ནང་ལུ་ མཇུག་ལས་མཇུག་སུ་ཡང་ འགྲོ་འགྲུལ་བཀག་དམ་ འགོ་འདྲེན་འཐབ་དགོཔ་ཐོན་པ་ཅིན་ཟེར་ ཡོངས་འབྲེལ་ཐོག་ཤེས་ཡོན་སྦྱང་ནི་གི་ལམ་ལུགས་ཚུ་ཡང་ ལེགས་ཤོམ་སྦེ་རང་ བཟོ་ནི་གི་རྩིས་རྐྱབ་པའི་བསྒང་འདུག

འཛམ་གླིང་གསོ་བའི་ཚོགས་པ་དང་འཁྲིལབ་ཅིན་ སློབ་གྲྭ་ཚུ་ནང་ལས་ཕར་ ནད་ཡམས་བཀག་ནི་གི་ཐབས་ལམ་ མ་བཏོན་པར་ཡོདན་མ་གཏོགས་ དེ་མེན་ ནད་འབུཔ་འཕྱེལ་འགྱོ་ནི་གི་ཉེན་ཁ་ཡོད་པའི་ས་ཁོངས་ཅིག་སྦེ་ ངོས་འཛིན་མ་འབད་བར་ཡོདཔ་སྦེ་ཨིན་མས།

ཡུ་ནིས་ཀོ་དང་འཁྲིལ་བ་ཅིན་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ འཛམ་གླིང་ནང་ལུ་ ན་ཧིང་ སློབ་ཕྲུག་ཐེར་འབུམ་ཕྱད་ད་༢ལྷགཔ་ཅིག་ལུ་ ཤེས་ཡོན་སྦྱང་ནི་གི་ཐད་ཁར་ ཐོ་ཕོག་སྟེ་ཡོདཔ་སྦེ་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དཔལམོ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube