ཆུ་ཁ་ལུ་བྱ་ནད་ཐོན་ཏེ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ དར་ལ་རྒེད་འོག་གི་ ཆུ་སྨད་ལ་ཁ་དང་རིན་ཆེན་རྩེ་ལུ་ བྱ་གསོ་སྐྱོང་ཁང་༥གི་ནང་ལུ་ ཨིན་ཕེག་ཤཱསའི་བུར་སཱལ་ཟེར་མི་ བྱ་ནད་འཐོན་ཏེ་འདུག

ད་རེས་ཟླཝ་འགོ་བཙུགས་ཁམས་ཅིག་ཁར་ཐོན་ཏེ་ཡོད་མི་བྱ་ནད་འདི་གིས་ གཡུས་ཚན་འདི་གཉིས་ཀྱི་ནང་ལུ་ ཁ་ཙ་ཚུན་ཚོད་བྱ་༩༠༠དེ་ཅིག་ཤི་སྟེ་ཡོད་པའི་སྙན་ཞུ་འདུག

སྒོ་ནོར་ཡིག་ཚང་གིས་ཁ་ཐུག་ལས་ ནད་གཞི་འཐོན་ཡོད་སའི་བྱ་གསོ་སྐྱོང་ཁང་ཚུ་ནང་ལས་ཕར་ སྨན་རྫས་ཚུ་གཏོར་ཏེ་ཡོད་པའི་ཁར་ བྱ་ཤི་མི་ཚུ་ཡང་ སའི་དོང་ནང་ལུ་བཙུགས་ནུག

འདི་བཟུམ་སྦེ་ ནད་གཞི་འདི་ ཁྱབ་སྤེལ་འགྱོ་ནི་ལས་བཀག་ནི་གི་དོན་ལུ་ བྱ་གསོ་སྐྱོང་ཁང་འདི་ཚུ་ནང་ལས་ ཐོན་སྐྱེད་ཚུ་བཙོང་ནི་ལས་ཡང་ བཀག་ཆ་འབད་དེ་འདུག

མི་སེར་ཚུ་གིས་སླབ་མི་ནང་ བྱ་ཤ་ཚུ་བཙོང་སྟེ་འོང་འབབ་བཟོ་ནི་གི་དུས་ཚོད་ཁ་ལུ་རང་ ནད་གཞི་འདི་གིས་ ཐོ་ཕོག་སྟེ་ཡོདཔ་ལས་ རྒུད་སྦོམ་སྦེ་རང་ཕོག་ནི་མས་ཟེར་བཤད་ཅི།

ད་རེས་ རྩི་མ་གཤམ་ལུ་ཡོད་པའི་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་དང་ རྫོང་ཁག་སྒོ་ནོར་ལས་ཚན་༢མཉམ་འབྲེལ་འབད་དེ་ ནད་གཞི་འདི་ འགོ་དང་པ་རང་ ག་ཏེ་ལས་འཐོན་ཡོདཔ་ཨིན་ན་བལྟ་ནི་གི་དོན་ལུ་ ཞིབ་དཔྱད་འབད་བའི་བསྒང་རང་འདུག

སྡེ་ཚན་འདི་དང་འཁྲིལ་པ་ཅིན་ ད་ལྟོ་ཚུན་ཚོད་ ཉེ་འདབས་ཀྱི་གཡུས་ཚན་ཚུ་ནང་ལས་ཕར་ བྱ་ཚུ་ཤི་ཡོད་པའི་སྙན་ཞུ་མེད་ཟེར་ཨིན་མས།

རྒྱལ་ཁབ་ནང་ འདི་བཟུམ་གྱི་ནད་གཞི་འདི་ ཧེ་མ་ ཆུ་ཁ་དང་བསམ་རྩེ་ དེ་ལས་ གསར་སྤང་རྫོང་ཁག་ནང་འཐོན་ཡོདཔ་ཨིན་རུང་ ལོ་མང་རབས་གཅིག་གི་རྒྱབ་ལས་ ལོག་འཐོན་མི་འདི་ ད་རེས་ འགོ་དང་པ་ཨིན་མས།

སྒོ་ནོར་འགོ་དཔོན་ཚུ་གིས་སླབ་མི་ནང་ ནད་གཞི་འདི་ སེམས་ཅན་ལས་ མི་ལུ་འབུ་བའི་ནད་གཞི་གཅིག་མེན་རུང་ བྱི་ཅུང་ཚུ་ལུ་ མགྱོགས་དྲགས་སྦེ་འབུ་མི་ ནད་གཞི་གཅིག་ཨིན་ཟེར་བཤད་ཅི།

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དཔལ་འབྱོར།

 

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube