ས་མར་ཆུ་ལུ་ ཨེ་ལྕ་ཚུ་ སྤག་ཤིང་དུམ་ལག་ལེན་འཐབ་སྟེ་ བཏོན་དོ་ཡོདཔ།

༉ དར་དཀར་ན་ བཙན་མདའ་སྒང་རྒེད་འོག་གི་ ས་མར་ཆུ་སྤྱི་འོག་གི་མི་སེར་ཚུ་གིས་ ཨེ་ལྕ་ཚུ་ འགྱིབ་ཤོག་ནང་མེན་པར་ སྤག་ཤིང་ནང་ལུ་སྦེ་ བཏོན་ནི་འགོ་བཙུགས་ཏེ་འདུག

སྤྱི་འོག་འདི་ནང་གི་ མི་སེར་སོ་ནམ་པ་ཚུ་གིས་ སྤག་ཤིང་གཡོག་བཀལ་ཏེ་ ཨེ་ལྕ་དེ་སྦེ་བཏོན་ནི་གི་ལཱ་འདི་ ད་རེས་འགོ་དང་པ་འབདཝ་ཨིན་མས།

ཁོང་གིས་སླབ་མི་ནང་ སྤག་ཤིང་དུམ་གུ་ ཨེ་མ་གི་སོན་བཏབ་འཇམ་པའི་ཁར་ ཤུལ་ལས་ ཨེ་ལྕ་བཏོན་ཞིམ་ལས་ བཙུགས་པའི་སྐབས་ལུ་ཡང་ སྟབས་བདེ་ཏོག་ཏོ་འདུག་ཟེར་བཤད་ཅི།

ན་ཧིང་ སྤྱི་ཟླ་༣པའི་ནང་ལུ་ ས་མཚམས་སྒོ་མ་སྡམ་ཚུན་ཚོད་ ཁོང་ཆ་ཁྱབ་ཀྱིས་ ཨེ་ལྕ་ཚུ་ འགྱིབ་ཤོག་ནང་ལུ་འབད་རང་ བཏོན་སྡོད་ནུག

འདི་ཡང་ འགྱིབ་ཤོག་ཐོབ་འཇམ་པའི་ཁར་ ཐབས་ཤེས་ནི་བཟུམ་ བཏོན་མ་ཤེས་པར་ལུས་སོང་ནི་འདི་གིས་ཨིན་ཟེར་བཤད་ཅི།

སྟེ་ བཙན་མདའ་སྒང་རྒེད་འོག་གི་ སོ་ནམ་རྒྱ་སྐྱེད་ལས་རོགསཔ་ བི་ཀཤ་ཏ་མང་གིས་སླབ་མི་ནང་ སྤག་ཤིང་དུམ་གུ་ཡོད་པའི་ཨེ་ལྕ་ཚུ་ ས་དང་སྦྲགས་ཏེ་བཏོན་ཚུགས་ནི་འདི་གིས་ ཉིམ་ཤར་སྡོདཔ་ད་བཙུགས་རུང་རང་ ལེགས་ཤོམ་སྦེ་རང་སྐྱེས་བཏུབ་ཟེར་ཨིན་མས།

ད་རུང་ ཁོ་གིས་འབད་བ་ཅིན་ སྤག་ཤིང་འདི་ ཚེ་ཡོད་པའི་ཁར་ གཡུས་ཁ་ལས་རང་ཐོབ་ནི་འདི་གིས་ སྟབས་བདེ་ཏོག་ཏོ་ཡོད་ཟེར་བཤད་ཅི།

ས་མར་ཆུ་གི་མི་སེར་ཚུ་གིས་ ཚོང་འབྲེལ་གྱི་དོན་ལུ་ཨེ་མ་གི་ལཱ་འབད་ནི་འདི་ སྤྱི་ལོ་༢༠༡༦ལུ་ གཞུང་གིས་ ཨེ་མ་ནང་འདྲེན་འཐབ་ནི་ བཀག་ཆ་འབད་བའི་ཤུལ་ འགོ་བཙུགས་ནུག

དུས་ཅི་ ཁོང་ཆ་ཁྱབ་ཀྱིས་ ཨེ་མ་འདི་ ས་ཆ་ཨེ་ཀར་༧གྱི་ནང་ལུ་ བཙུགས་ཏེ་ཡོདཔ་ཨིན་མས།

བཙན་མདའ་སྒང་རྒེད་འོག་གི་ ས་མར་ཆུ་སྤྱི་འོག་གི་མི་སེར་སོ་ནམ་པ་ཚུ་གི་དོན་ལུ་ ཨེ་མ་འདི་ དངུལ་ཐོག་ཚུ་གི་གྲལ་ལས་ ཅིག་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ པདྨ་ཚེ་དབང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube